{མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།}                                                                                         
དེ་རིང་ནི
མདུན་ངོས། དབུ་ཤོག > སྲིད་ཇུས་ཡིག་ཆ། > ནང་དོན་གྱི་ངོས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས།

དུས་ཚོད།2012--08--08--འབྱུང་ཁུངས།བོད་ཡིག་པར་ངོས།རྕོམ་པ་པོ།qhsmzw-zwགཏགཐེངས།
ལེའུ་དང་པོ། སྤྱིའི་དོན་ཚན། དོན་ཚན་དང་པོ། རྩྭ་ཐང་སྲུང་སྐྱོང་དང༌། འཛུགས་སྐྲུན། བེད་སྤྱོད་ལུགས་མཐུན་བཅས་བྱ

ལེའུ་དང་པོ། སྤྱིའི་དོན་ཚན།

དོན་ཚན་དང་པོ།   རྩྭ་ཐང་སྲུང་སྐྱོང་དང༌།   འཛུགས་སྐྲུན།    བེད་སྤྱོད་ལུགས་མཐུན་བཅས་བྱ་རྒྱུ་དང༌།  སྐྱེ་ཁམས་ལེགས་བཅོས་བྱས་ནས་སྐྱེ་དངོས་སྣ་མང་ཡོང་ཐབས་བྱ་རྒྱུ།དེང་རབས་ཀྱི་འབྲོག་ལས་གོང་དུ་སྤེལ་ཏེ་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་བཅའ་ཁྲིམས་འདི་ཉིད་བཟོས་པ་ཡིན།

དོན་ཚན་གཉིས་པ།   ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་རྩྭ་ཐང་འཆར་འགོད་དང༌།   སྲུང་སྐྱོང༌།འཛུགས་སྐྲུན།བེད་སྤྱོད།དོ་དམ་བཅས་ཀྱི་བྱེད་སྒོ་སྤེལ་བར་བཅའ་ཁྲིམས་འདི་སྤྱད་འཐུས།བཅའ་ཁྲིམས་འདིར་གསལ་བའི་རྩྭ་ཐང་ནི་རང་བྱུང་རྩྭ་ཐང་དང་མིའི་ཐབས་ཀྱིས་བཟོས་པའི་རྩྭ་རར་ཟེར།

དོན་ཚན་གསུམ་པ།    རྒྱལ་ཁབ་ཀྱིས་རྩྭ་ཐང་ལ་ཚན་རིག་དང་མཐུན་པའི་འཆར་འགོད་དང༌།    ཕྱོགས་ཡོངས་ནས་སྲུང་སྐྱོང༌།གཙོ་གནད་འཛུགས་སྐྲུན།བེད་སྤྱོད་ལུགས་མཐུན་བཅས་བྱེད་པའི་བྱེད་ཕྱོགས་ལག་བསྟར་བྱས་ནས་རྩྭ་ཐང་རྒྱུན་མཐུད་ངང་བེད་སྤྱོད་ཐུབ་པ་དང་སྐྱེ་ཁམས་དང༌།དཔལ་འབྱོར།སྤྱི་ཚོགས་བཅས་མཐུན་སྦྱོར་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་རྒྱུ།

དོན་ཚན་བཞི་བ།     མི་དམངས་སྲིད་གཞུང་རིམ་པ་ཁག་གིས་རྩྭ་ཐང་སྲུང་སྐྱོང་དང༌། འཛུགས་སྐྲུན།    བེད་སྤྱོད་བཅས་བྱ་རྒྱུར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་རྩྭ་ཐང་སྲུང་སྐྱོང་དང༌།   འཛུགས་སྐྲུན།   བེད་སྤྱོད་བཅས་བྱ་རྒྱུ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞིའི་ནང་འགོད་དགོས།མི་དམངས་སྲིད་གཞུང་རིམ་པ་ཁག་གིས་རྩྭ་ཐང་སྲུང་སྐྱོང་དང༌།འཛུགས་སྐྲུན།བེད་སྤྱོད་ལུགས་མཐུན་བཅས་བྱ་རྒྱུའི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་དགོས།

དོན་ཚན་ལྔ་བ།     སྡེ་ཚན་གང་དང་སྐྱེ་བོ་སུ་ཞིག་ཡིན་རུང་ཚང་མར་རྩྭ་ཐང་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བ་དང་རྩྭ་ཐང་སྲུང་སྐྱོང་བྱ་རྒྱུའི་འོས་འགན་ཡོད་པ་དང༌།    དུས་མཚུངས་སུ་རྩྭ་ཐང་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་འགལ་བ་དང་རྩྭ་ཐང་གཏོར་བཤིག་གཏོང་བའི་བྱ་སྤྱོད་ལ་ལྟ་སྐུལ་དང༌།     ཉེས་འདོན།  ཞུ་གཏུག་བཅས་བྱེད་པའི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད།

དོན་ཚན་དྲུག་པ།    རྒྱལ་ཁབ་ཀྱིས་རྩྭ་ཐང་སྲུང་སྐྱོང་དང༌།    འཛུགས་སྐྲུན།    བེད་སྤྱོད།     ལྟ་ཞིབ་ཚད་ལེན་བཅས་ཐད་ཀྱི་ཚན་རིག་ཞིབ་འཇུག་བྱེད་པར་བསྟོད་སྐུལ་དང་རྒྱབ་སྐྱོར་བྱ་རྒྱུ་དང༌།ལག་རྩལ་སྔོན་ཐོན་ཅན་དང་གྲུབ་འབྲས་སྔོན་ཐོན་ཅན་ཁྱབ་གདལ་དུ་གཏོང་རྒྱུ།ཚན་རིག་ལག་རྩལ་ཐད་ཀྱི་ཡོན་ཏན་ཅན་གསོ་སྐྱོང་བཅས་བྱ་རྒྱུ།

དོན་ཚན་བདུན་པ།   རྩྭ་ཐང་དོ་དམ་དང༌།  སྲུང་སྐྱོང༌།  འཛུགས་སྐྲུན།  བེད་སྤྱོད་ལུགས་མཐུན།       ཚན་རིག་ཞིབ་འཇུག་སོགས་ཀྱི་ལས་ཀར་བྱས་རྗེས་མངོན་གསལ་བཞག་ཡོད་པའི་སྡེ་ཚན་དང་སྐྱེ་བོར་རྒྱལ་ཁབ་ཀྱིས་བྱ་དགའ་སྤྲོད་རྒྱུ།

དོན་ཚན་བརྒྱད་པ།      རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་རྩྭ་ཐང་ལ་ལྟ་སྐུལ་དང་དོ་དམ་བྱེད་པའི་ལས་ཀ་གཙོ་སྐྱོང་བྱ་རྒྱུ།རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་ཁོངས་ཀྱི་རྩྭ་ཐང་སྲིད་དོན་གཙོ་སྐྱོང་སྡེ་ཁག་གིས་སྲིད་འཛིན་ས་ཁོངས་དེ་གའི་རྩྭ་ཐང་ལ་ལྟ་སྐུལ་དང་དོ་དམ་བྱེད་པའི་ལས་ཀ་གཙོ་སྐྱོང་བྱ་རྒྱུ།ཞང་གྲོང་རྡལམི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་རྩྭ་ཐང་སྲུང་སྐྱོང་དང༌།   འཛུགས་སྐྲུན།བེད་སྤྱོད་བཅས་བྱེད་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་དགོས་མཁོར་གཞིགས་ནས་ཆེད་གཉེར་མི་སྣའམ་གཅིག་ལྕོགས་མི་སྣ་བསྐོ་གཞག་བྱས་ནས་ལྟ་སྐུལ་དང་ཞིབ་བཤེར་ལས་ཀ་དངོས་བྱེད་འགན་འཁུར་དུ་བཅུག་ཆོག

            ལེའུ་གཉིས་པ། རྩྭ་ཐང་གི་ཁོངས་གཏོཊ་སྐོར།

དོན་ཚན་དགུ་བ།   བཅའ་ཁྲིམས་སུ་ཐུན་མོང་ལ་དབང་བ་ཡིན་པའི་གཏན་འབེབས་བྱས་རིགས་ཕུད།དེ་བྱིངས་རྩྭ་ཐང་ཚང་མ་རྒྱལ་ཁབ་ལ་དབང་ཡོད།རྒྱལ་ཁབ་ལ་དབང་བའི་རྩྭ་ཐང་རྣམས་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་ཚབ་ཏུ་བདག་དབང་སྤྱོད་རྒྱུ།སྡེ་ཚན་གང་ངམ་སྐྱེ་བོ་སུ་ཞིག་ཡིན་རུང་རྩྭ་ཐང་བཙན་བཟུང་དང་ཉོ་ཚོང་ངམ་བྱེད་སྟངས་གཞན་དག་སྤྱད་དེ་རྩྭ་ཐང་ཁྲིམས་འགལ་གྱིས་བརྒྱུད་བཤུག་བཅས་བྱས་མི་ཆོག

དོན་ཚན་བཅུ་བ།    རྒྱལ་ཁབ་ལ་དབང་བའི་རྩྭ་ཐང་རྣམས་ཁྲིམས་ལྟར་དམངས་ཡོངས་ལ་དབང་བའི་ལམ་ལུགས་ཀྱི་སྡེ་ཚན་དང་ཐུན་མོང་དཔལ་འབྱོར་རྩ་འཛུགས་སོགས་ལ་བེད་སྤྱོད་བྱ་རྒྱུར་སྤྲོད་རྒྱུའི་གཏན་འབེབས་བྱས་ཆོགརྩྭ་ཐང་སྤྱོད་མཁན་སྡེ་ཚན་གྱིས་རྩྭ་ཐང་སྲུང་སྐྱོང་དང༌།འཛུགས་སྐྲུན། བེད་སྤྱོད་ལུགས་མཐུན་བཅས་བྱ་རྒྱུའི་འོས་འགན་བསྒྲུབ་དགོས།

དོན་ཚན་བཅུ་གཅིག་པ།  ཁྲིམས་ལྟར་དམངས་ཡོངས་ལ་དབང་བའི་ལམ་ལུགས་ཀྱི་སྡེ་ཚན་དང་ཐུན་མོང་དཔལ་འབྱོར་རྩ་འཛུགས་སོགས་ལ་བེད་སྤྱོད་བྱ་རྒྱུར་སྤྲོད་རྒྱུའི་གཏན་འབེབས་བྱས་པའི་རྒྱལ་ཁབ་ལ་དབང་བའི་རྩྭ་ཐང་ཡིན་ཕྱིན།རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཐོ་འགོད་བྱས་ནས་བེད་སྤྱོད་བྱེད་དབང་ལག་ཁྱེར་ཞིབ་སྤྲོད་བྱས་ཏེ་རྩྭ་ཐང་བེད་སྤྱོད་བྱེད་དབང་ཁས་ལེན་བྱ་རྒྱུ།བེད་སྤྱོད་བྱེད་དབང་སུ་ལ་ཡོད་མེད་གཏན་འཁེལ་བྱས་མེད་པའི་རྒྱལ་ཁབ་ལ་དབང་བའི་རྩྭ་ཐང་ཡིན་ཕྱིན།རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཐོ་རུ་འགོད་རྒྱུ་མ་ཟད།སྲུང་སྐྱོང་དང་དོ་དམ་བྱེད་འགན་འཁུར་རྒྱུ།ཐུན་མོང་ལ་དབང་བའི་རྩྭ་ཐང་ཡིན་ཕྱིན།རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་ཐོ་འགོད་བྱས་ནས་བདག་དབང་ལག་ཁྱེར་ཞིབ་སྤྲོད་བྱས་ཏེ་རྩྭ་ཐང་བདག་དབང་ཁས་ལེན་བྱ་རྒྱུ།ཁྲིམས་ལྟར་རྩྭ་ཐང་བདག་ཁོངས་བསྒྱུར་རྒྱུ་ཡིན་ན། རྩྭ་ཐང་བདག་ཁོངས་བསྒྱུར་རྒྱུའི་ཐོ་འགོད་འགྲོ་ལུགས་འགྲིམ་དགོས།

དོན་ཚན་བཅུ་གཉིས་པ།   ཁྲིམས་ལྟར་ཐོ་འགོད་བྱས་པའི་རྩྭ་ཐང་གི་བདག་དབང་དང་བེད་སྤྱོད་བྱེད་དབང་ལ་བཅའ་ཁྲིམས་ཐོག་ནས་སྲུང་སྐྱོང་བྱ་རྒྱུ་ཡིན་ཞིང༌།   སྡེ་ཚན་གང་ངམ་སྐྱེ་བོ་སུ་ཞིག་ཡིན་རུང་དེར་བཙན་གནོད་བྱས་མི་ཆོག

དོན་ཚན་བཅུ་གསུམ་པ།    ཐུན་མོང་ལ་དབང་བའི་རྩྭ་ཐང་ངམ་ཁྲིམས་ལྟར་ཐུན་མོང་དཔལ་འབྱོར་རྩྭ་འཛུགས་ལ་བེད་སྤྱོད་བྱ་རྒྱུར་སྤྲོད་རྒྱུའི་གཏན་འབེབས་བྱས་པའི་རྒྱལ་ཁབ་ལ་དབང་བའི་རྩྭ་ཐང་ཡིན་ཕྱིན།ཐུན་མོང་དཔལ་འབྱོར་རྩ་འཛུགས་དེ་གའི་ཁོངས་སུ་གཏོགས་པའི་ཁྱིམ་ཚང་ངམ་ཁྱིམ་དུད་མཉམ་འབྲེལ་གྱིས་བདག་གཉེར་བྱེད་འགན་གཙང་ལེན་བྱས་ཆོགརྩྭ་ཐང་བདག་གཉེར་བྱེད་འགན་གཙང་ལེན་བྱེད་རིང་ལ་བདག་གཉེར་འགན་གཙང་ལེན་མཁན་གྱིས་བེད་སྤྱོད་བྱེད་པའི་རྩྭ་ཐང་ལེགས་སྒྲིག་བྱས་མི་ཆོག རེ་འགར་དངོས་འབྲེལ་ལེགས་སྒྲིག་འོས་འཚམ་བྱ་དགོས་ན།    ངེས་པར་དུ་ཐུན་མོང་དཔལ་འབྱོར་རྩ་འཛུགས་དེ་གའི་ཁོངས་མིའི་གྲོང་མིའིའབྲོག་པགྲོས་ཚོགས་ཀྱི་ཁོངས་མིའི་གསུམ་ཆ་གཉིས་ཡན་ནམ་གྲོང་མིའིའབྲོག་པའཐུས་མིའི་གསུམ་ཆ་གཉིས་ཡན་གྱི་ཡིད་མཐུན་འཐོབ་དགོས་པ་མ་ཟད།    ཞངགྲོང་རྡལམི་དམངས་སྲིད་གཞུང་དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལའང་ཆོག་མཆན་ཞུ་དགོས།ཐུན་མོང་ལ་དབང་བའི་རྩྭ་ཐང་ངམ་ཁྲིམས་ལྟར་ཐུན་མོང་དཔལ་འབྱོར་རྩ་འཛུགས་ལ་བེད་སྤྱོད་བྱ་རྒྱུར་སྤྲོད་རྒྱུའི་གཏན་འབེབས་བྱས་པའི་རྒྱལ་ཁབ་ལ་དབང་བའི་རྩྭ་ཐང་རྣམས་ཐུན་མོང་དཔལ་འབྱོར་རྩ་འཛུགས་དེ་གའི་ཁོངས་སུ་གཏོགས་མེད་པའི་སྡེ་ཚན་ནམ་སྐྱེ་བོས་བདག་གཉེར་བྱེད་འགན་གཙང་ལེན་བྱ་རྒྱུ་ཡིན་ན།    ངེས་པར་དུ་ཐུན་མོང་དཔལ་འབྱོར་རྩ་འཛུགས་དེ་གའི་ཁོངས་མིའི་གྲོང་མིའི་འབྲོག་པགྲོས་ཚོགས་ཀྱི་ཁོངས་མིའི་གསུམ་ཆ་གཉིས་ཡན་ནམ་གྲོང་མིའིའབྲོག་པའཐུས་མིའི་གསུམ་ཆ་གཉིས་ཡན་གྱི་ཡིད་མཐུན་འཐོབ་དགོས་པ་མ་ཟད།ཞངགྲོང་རྡལམི་དམངས་སྲིད་གཞུང་ལའང་ཆོག་མཆན་ཞུ་དགོས།

དོན་ཚན་བཅུ་བཞི་བ།    རྩྭ་ཐང་བདག་གཉེར་བྱེད་འགན་གཙང་ལེན་བྱེད་པར་འགན་གཙང་སྤྲོད་ཕྱོགས་དང་འགན་གཙང་ལེན་ཕྱོགས་གཉིས་ཀྱིས་ཡིག་ཐོག་ནས་གན་རྒྱ་འཇོག་དགོས།རྩྭ་ཐང་བདག་གཉེར་བྱེད་འགན་གཙང་ལེན་གྱི་གན་རྒྱའི་ནང་དོན་དུ་ཕྱོགས་གཉིས་ཀའི་ཁེ་དབང་དང་འོས་འགན་དང༌།འགན་གཙང་ལེན་པའི་རྩྭ་ཐང་གི་ཕྱོགས་བཞིའི་མཚམས་ཚད་དང༌།  རྒྱ་ཁྱོན།རིམ་པ།འགན་གཙང་ལེན་ཡུན་དང་འགན་གཙང་ལེན་འགོ་འཛུགས་དུས་དང་མཇུག་འགྲིལ་དུས་ཀྱི་ཚེས་གྲངས།རྩྭ་ཐང་འགན་གཙང་ལེན་པའི་སྤྱོད་སྒོ་དང་གན་རྒྱ་དང་འགལ་བའི་ཁག་འགན་སོགས་འདུས་དགོས།འགན་གཙང་ལེན་ཡུན་ཐིམས་ཚེ།སྔོན་མའི་བདག་གཉེར་བྱེད་འགན་གཙང་ལེན་བྱེད་མཁན་གྱིས་ཆ་རྐྱེན་འདྲ་མཚུངས་འོག་སྔོན་ལ་འགན་གཙང་ལེན་དབང་ཡོད།རྩྭ་ཐང་བདག་གཉེར་བྱེད་འགན་གཙང་ལེན་གྱི་སྡེ་ཚན་དང་སྐྱེ་བོས་རྩྭ་ཐང་སྲུང་སྐྱོང་དང༌།འཛུགས་སྐྲུན།བདག་གཉེར་བྱེད་འགན་གཙང་ལེན་གྱི་གན་རྒྱའི་ནང་ཁ་ཆད་བཞག་པའི་སྤྱོད་སྒོ་ལྟར་བེད་སྤྱོད་ལུགས་མཐུན་བྱ་དགོས།

དོན་ཚན་བཅོ་ལྔ་བ།    རྩྭ་ཐང་བདག་གཉེར་བྱེད་འགན་གཙང་ལེན་བྱེད་དབང་ལ་བཅའ་ཁྲིམས་ཐོག་ནས་སྲུང་སྐྱོང་བྱ་རྒྱུ་ཡིན་ཞིང༌།    རང་འདོད་དང་རིན་དོད་སྤྲོད་པའི་རྩ་དོན་ལྟར་ཁྲིམས་བཞིན་བརྒྱུད་བཤུག་བྱས་ཆོགརྩྭ་ཐང་བདག་གཉེར་བྱེད་འགན་གཙང་ལེན་བྱེད་དབང་བརྒྱུད་བཤུག་བྱེད་ཡུལ་ཕྱོགས་ལ་ངེས་པར་དུ་ཕྱུགས་ལས་ཐོན་སྐྱེད་བྱེད་པའི་ནུས་པ་ཡོད་དགོས་པ་མ་ཟད།རྩྭ་ཐང་སྲུང་སྐྱོང་དང༌།འཛུགས་སྐྲུན།བདག་གཉེར་བྱེད་འགན་གཙང་ལེན་གྱི་གན་རྒྱའི་ནང་ཁ་ཆད་བཞག་པའི་སྤྱོད་སྒོ་ལྟར་བེད་སྤྱོད་ལུགས་མཐུན་བྱ་དགོས།རྩྭ་ཐང་བདག་གཉེར་བྱེད་འགན་གཙང་ལེན་བྱེད་དབང་བརྒྱུད་བཤུག་བྱེད་པར་འགན་གཙང་སྤྲོད་ཕྱོགས་ཀྱིས་ཡིད་མཐུན་བྱ་དགོས།འགན་གཙང་ལེན་ཕྱོགས་དང་བརྒྱུད་བཤུག་བྱེད་ཡུལ་ཕྱོགས་ཀྱིས་བརྒྱུད་བཤུག་བྱེད་པའི་གན་རྒྱའི་ནང་ཁ་ཆད་བཞག་པའི་བརྒྱུད་བཤུག་དུས་ཚད་དེ་སྔོན་མའི་བདག་གཉེར་བྱེད་འགན་གཙང་ལེན་གྱི་གན་རྒྱའི་ནང་ལྷག་པའི་ཡུན་ཚད་ལས་བརྒལ་མི་ཆོག

དོན་ཚན་བཅུ་དྲུག་པ།   རྩྭ་ཐང་གི་བདག་དབང་དང་བེད་སྤྱོད་བྱེད་དབང་སྐོར་གྱི་རྩོད་གཞི་ནི་དོ་བདག་གིས་གྲོས་མོལ་བྱས་ནས་ཐག་གཅོད་རྒྱུ་དང༌།གྲོས་ཐག་མ་ཆོད་ཚེ།འབྲེལ་ཡོད་མི་དམངས་སྲིད་གཞུང་གིས་ཐག་གཅོད་རྒྱུ།སྡེ་ཚན་བར་གྱི་རྩོད་གཞི་ནི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཐག་གཅོད་རྒྱུ་དང༌།སྐྱེ་བོའི་བར་དང་སྐྱེ་བོ་དང་སྡེ་ཚན་བར་གྱི་རྩོད་གཞི་ནི་ཞངགྲོང་རྡལམི་དམངས་སྲིད་གཞུང་ངམ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཐག་གཅོད་རྒྱུ།འབྲེལ་ཡོད་མི་དམངས་སྲིད་གཞུང་གིས་ཐག་གཅོད་བྱས་འབྲས་དེ་དོ་བདག་གི་བློར་མ་བབ་ན་ཁྲིམས་ལྟར་མི་དམངས་ཁྲིམས་ཁང་ལ་ཞུ་སྦྱོར་བྱས་ཆོགརྩྭ་ཐང་གཏོགས་ཁོངས་སྐོར་གྱི་རྩོད་གཞི་ཐག་གཅོད་མ་བྱས་གོང་ལ་ཕྱོགས་གང་རུང་ཞིག་གིས་ད་ལྟའི་རྩྭ་ཐང་བེད་སྤྱོད་བྱེད་ཚུལ་བསྒྱུར་མི་ཆོག་པ་དང༌།རྩྭ་ཐང་དང་རྩྭ་ཐང་ཐོག་གི་སྒྲིག་བཀོད་གཏོར་བཤིག་བཏང་མི་ཆོག

            ལེའུ་གསུམ་པ། འཆར་འགོད་བྱེད་ཕྱོཊ་སྐོར།

དོན་ཚན་བཅུ་བདུན་པ།རྒྱལ་ཁབ་ཀྱིས་རྩྭ་ཐང་སྲུང་སྐྱོང་དང༌།འཛུགས་སྐྲུན།བེད་སྤྱོད་བཅས་བྱེད་པར་འཆར་འགོད་གཅིག་གྱུར་བྱེད་པའི་ལམ་ལུགས་ལག་བསྟར་བྱ་རྒྱུ།རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་རྒྱལ་ཡོངས་ཀྱི་རྩྭ་ཐང་སྲུང་སྐྱོང་དང༌། འཛུགས་སྐྲུན།བེད་སྤྱོད་བཅས་བྱ་རྒྱུའི་འཆར་གཞི་བཟོས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་སེང་ཞུས་རྗེས་ལག་ལེན་བསྟར་རྒྱུ།རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་རང་དང་རིམ་པ་མཉམ་པའི་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་རིམ་པ་གོང་མའི་རྩྭ་ཐང་སྲུང་སྐྱོང་དང༌།འཛུགས་སྐྲུན།བེད་སྤྱོད་བཅས་བྱ་རྒྱུའི་འཆར་གཞི་ལྟར་སྲིད་འཛིན་ས་ཁོངས་དེ་གའི་རྩྭ་ཐང་སྲུང་སྐྱོང་དང༌།  འཛུགས་སྐྲུན།    བེད་སྤྱོད་བཅས་བྱ་རྒྱུའི་འཆར་གཞི་བཟོས་ནས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུས་རྗེས་ལག་བསྟར་བྱ་རྒྱུ།ཆོག་མཆན་ཐོབ་པའི་རྩྭ་ཐང་སྲུང་སྐྱོང་དང༌།འཛུགས་སྐྲུན།བེད་སྤྱོད་བཅས་བྱ་རྒྱུའི་འཆར་གཞིར་དངོས་འབྲེལ་ལེགས་སྒྲིག་གམ་བཟོ་བཅོས་བྱ་དགོས་ཚེ་ངེས་པར་དུ་ཐོག་མའི་ཆོག་མཆན་འགོད་མཁན་ལས་ཁུངས་ཀྱིས་ཆོག་མཆན་འགོད་དགོས།

དོན་ཚན་བཅོ་བརྒྱད་པ།   རྩྭ་ཐང་སྲུང་སྐྱོང་དང༌།འཛུགས་སྐྲུན།བེད་སྤྱོད་བཅས་བྱ་རྒྱུའི་འཆར་གཞི་འགོད་པར་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་གཞིར་འཛིན་རྒྱུ་དང་གཤམ་གསལ་གྱི་རྩ་དོན་ལ་བརྩི་སྲུང་ཞུ་དགོས་པ་སྟེ།གཅིགསྐྱེ་ཁམས་ལེགས་བཅོས་དང༌།

སྐྱེ་དངོས་སྣ་མང་ཡོང་ཐབས་བྱས་ནས་རྩྭ་ཐང་རྒྱུན་མཐུད་ངང་བེད་སྤྱོད་ཐུབ་པར་སྐུལ་འདེད་གཏོང་རྒྱུ་དང༌།གཉིསད་ཡོད་རྩྭ་ཐང་རྨང་གཞིར་བྱས་ནས་ཡུལ་བབ་དང་བསྟུན་ཏེ་འཆར་འགོད་གཅིག་གྱུར་དང་རིགས་ཕྱེ་ཁྲིད་སྟོན་བྱ་རྒྱུ།གསུམསྲུང་སྐྱོང་བྱ་རྒྱུ་གཙོ་བོར་བཟུང་སྟེ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང༌།    ཁག་བགོས་ལེགས་བཅོས།    བེད་སྤྱོད་ལུགས་མཐུན་བཅས་བྱ་རྒྱུ།

བཞིསྐྱེ་ཚུལ་གྱི་ཕན་འབྲས་དང༌།    དཔལ་འབྱོར་གྱི་ཕན་འབྲས།    སྤྱི་ཚོགས་ཀྱི་ཕན་འབྲས་བཅས་ཟུང་འབྲེལ་བྱ་རྒྱུ་བཅས་ཡིན།

དོན་ཚན་བཅུ་དགུ་བ།རྩྭ་ཐང་སྲུང་སྐྱོང་དང༌།འཛུགས་སྐྲུན།བེད་སྤྱོད་བཅས་བྱ་རྒྱུའི་འཆར་གཞིའི་ནང་རྩྭ་ཐང་སྲུང་སྐྱོང་དང༌།འཛུགས་སྐྲུན།བེད་སྤྱོད་བཅས་བྱ་རྒྱུའི་དམིགས་འབེན་དང་བྱེད་ཐབས་དང༌།རྩྭ་ཐང་གི་ཕན་ནུས་བགོས་ཁུལ་དང་འཛུགས་སྐྲུན་ཁག་གི་སྤྱི་ཡོངས་ཀྱི་བཀོད་སྒྲིག    ཆེད་ལས་ཁག་གི་འཆར་གཞི་སོགས་འདུས་དགོས།

དོན་ཚན་ཉི་ཤུ་བ།རྩྭ་ཐང་སྲུང་སྐྱོང་དང༌།འཛུགས་སྐྲུན།བེད་སྤྱོད་བཅས་བྱ་རྒྱུའི་འཆར་གཞི་ནི་ས་ཆ་བེད་སྤྱོད་བྱ་རྒྱུའི་སྤྱི་ཡོངས་ཀྱི་འཆར་གཞི་དང་འབྲེལ་མཐུད་བྱ་རྒྱུ་དང༌།ཁོར་ཡུག་སྲུང་སྐྱོང་བྱ་རྒྱུའི་འཆར་གཞི་དང༌།ས་ཆུ་སྲུང་འཛིན་བྱ་རྒྱུའི་འཆར་གཞི།བྱེ་མ་འགོག་བཅོས་བྱ་རྒྱུའི་འཆར་གཞི།ཆུའི་ཐོན་ཁུངས་སྐོར་གྱི་འཆར་གཞི།ནགས་ལས་སྐོར་གྱི་ཡུན་རིང་འཆར་གཞི།གྲོང་ཁྱེར་སྤྱི་ཡོངས་ཀྱི་འཆར་གཞི།གྲོང་ཚོ་དང་གྲོང་རྡལ་སྐོར་གྱི་འཆར་གཞི་དང་དེ་བཞིན་འབྲེལ་ཡོད་འཆར་གཞི་གཞན་དག་བཅས་དང་མཐུན་སྦྱོར་ཡོང་བ་བྱ་དགོས།

དོན་ཚན་ཉེར་གཅིག་པ། རྩྭ་ཐང་སྲུང་སྐྱོང་དང༌།འཛུགས་སྐྲུན།བེད་སྤྱོད་བཅས་བྱ་རྒྱུའི་འཆར་གཞིར་ཆོག་མཆན་བཀོད་པའི་ཚེ་ངེས་པར་དུ་ལག་བསྟར་ནན་པོ་བྱ་དགོས།

དོན་ཚན་ཉེར་གཉིས་པ།      རྒྱལ་ཁབ་ཀྱིས་རྩྭ་ཐང་ལ་བརྟག་དཔྱད་བྱེད་པའི་ལམ་ལུགས་འཛུགས་རྒྱུ།  རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་རང་དང་རིམ་པ་མཉམ་པའི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་དུས་བཀག་ལྟར་རྩྭ་ཐང་ལ་བརྟག་དཔྱད་བྱ་རྒྱུ་དང༌།རྩྭ་ཐང་གི་བདག་པོའམ་བེད་སྤྱོད་བྱེད་མཁན་གྱིས་བརྟག་དཔྱད་བྱེད་པར་རྒྱབ་སྐྱོར་དང་གཞོགས་འདེགས་བྱ་དགོས་པ་མ་ཟད།འབྲེལ་ཡོད་ཀྱི་དཔྱད་ཡིག་འདོན་སྤྲོད་བྱ་དགོས།

དོན་ཚན་ཉེར་གསུམ་པ།     རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་རྒྱལ་ཡོངས་ཀྱི་རྩྭ་ཐང་གི་རིམ་གྲས་དཔྱད་བསྡུར་གཏན་འབེབས་བྱ་རྒྱུའི་ཚད་གཞི་བཟོ་རྒྱུ།རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་རྩྭ་ཐང་བརྟག་དཔྱད་བྱས་འབྲས་དང་རྩྭ་ཐང་གི་སྤུས་ཀ་གཞིར་བཟུང་སྟེ་རྩྭ་ཐང་གི་རིམ་གྲས་དཔྱད་བསྡུར་གཏན་འབེབས་བྱ་རྒྱུའི་ཚད་གཞི་ལྟར་རྩྭ་ཐང་གི་རིམ་གྲས་དཔྱད་བསྡུར་གཏན་འབེབས་བྱ་རྒྱུ།

དོན་ཚན་ཉེར་བཞི་བ།       རྒྱལ་ཁབ་ཀྱིས་རྩྭ་ཐང་སྐོར་གྱི་བསྡོམས་རྩིས་ལམ་ལུགས་འཛུགས་རྒྱུ།རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་རང་དང་རིམ་པ་མཉམ་པའི་བསྡོམས་རྩིས་སྡེ་ཁག་དང་མཉམ་དུ་རྩྭ་ཐང་བསྡོམས་རྩིས་བརྟག་དཔྱད་བྱ་ཐབས་གཏན་འབེབས་བྱས་ནས་ཁྲིམས་ལྟར་རྩྭ་ཐང་གི་རྒྱ་ཁྱོན་དང༌།རིམ་གྲས།རྩྭའི་ཐོན་འབོར།ཕྱུགས་ཤོང་ཚད་སོགས་བསྡོམས་རྩིས་བརྒྱབ་ནས་དུས་བཀག་ལྟར་རྩྭ་ཐང་གི་བསྡོམས་རྩིས་དཔྱད་ཡིག་འགྲེམས་སྤེལ་བྱ་རྒྱུ།རྩྭ་ཐང་གི་བསྡོམས་རྩིས་དཔྱད་ཡིག་ནི་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་རྩྭ་ཐང་སྲུང་སྐྱོང་དང༌།    འཛུགས་སྐྲུན།    བེད་སྤྱོད་བཅས་བྱ་རྒྱུའི་འཆར་གཞི་འགོད་རྒྱུའི་གཞི་འཛིན་ས་ཡིན།

དོན་ཚན་ཉེར་ལྔ་བ།     རྒྱལ་ཁབ་ཀྱིས་རྩྭ་ཐང་གི་ཐོན་སྐྱེད་དང་སྐྱེ་ཁམས་ལ་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་སྔོན་བརྡ་གཏོང་བའི་མ་ལག་འཛུགས་རྒྱུ།རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་རྩྭ་ཐང་གི་རྒྱ་ཁྱོན་དང༌། རིམ་གྲས།  སྤང་ཤུན་གྲུབ་ཚུལ།    ཐོན་སྐྱེད་བྱེད་ནུས།     རང་བྱུང་གནོད་འཚེ།     སྐྱེ་དངོས་ཀྱི་གནོད་སྐྱོན་སོགས་རྩྭ་ཐང་གི་གཞི་རྩའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱས་ནས་རིམ་པ་དེ་གའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་ལ་དུས་ཐོག་ཏུ་གནས་ཚུལ་དེ་ཚོར་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ནས་ཉེན་བརྡ་གཏོང་བའི་ཆ་འཕྲིན་སྐོར་གྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུ།

           ལེའུ་བཞི་བ། འཛུགས་སྐྲུན་བྱེད་ཕྱོཊ་སྐོར།

དོན་ཚན་ཉེར་དྲུག་པ།   རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རྩྭ་ཐང་འཛུགས་སྐྲུན་བྱེད་པར་མ་དངུལ་མང་དུ་བཏང་སྟེ་རྩྭ་ཐང་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་དགོས།རྒྱལ་ཁབ་ཀྱིས་སྡེ་ཚན་དང་སྐྱེ་བོས་རྩྭ་ཐང་འཛུགས་སྐྲུན་བྱེད་པར་མ་རྩ་འཇོག་པའི་བསྟོད་སྐུལ་བྱས་ནས་སུས་མ་རྩ་བཞག་ན་དེར་ཁེ་ཕན་ཐོབ་པའི་རྩ་དོན་ལྟར་རྩྭ་ཐང་འཛུགས་སྐྲུན་བྱེད་པར་མ་རྩ་འཇོག་མཁན་གྱི་ཁྲིམས་མཐུན་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ།

དོན་ཚན་ཉེར་བདུན་པ།      རྒྱལ་ཁབ་ཀྱིས་མིའི་རྩོལ་བར་བརྟེན་ཏེ་རྩྭ་ར་འཛུགས་སྐྲུན་དང༌།རང་བྱུང་རྩྭ་ཐང་ལེགས་བཅོས།གཟན་རྩྭ་དང་གཟན་ཆག་རྟེན་གཞི་འཛུགས་སྐྲུན་བཅས་བྱེད་པར་བསྟོད་སྐུལ་དང་རྒྱབ་སྐྱོར་བྱས་ནས་རྩྭ་ཐང་ཐོན་སྐྱེད་བྱེད་ནུས་བརྟན་པོ་ཡོང་བ་དང་དེ་ཆེ་རུ་གཏོང་དགོས།

དོན་ཚན་ཉེར་བརྒྱད་པ།    རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཞིང་པ་དང་འབྲོག་པར་རྩྭ་ཐང་ར་སྐོར་དང༌།གཟན་རྩྭ་དང་གཟན་ཆག་གསོག་འཇོགཕྱུགས་ར།འབྲོག་པའི་གཞིས་ཆགས་ས་སོགས་པའི་ཐོན་སྐྱེད་དང་འཚོ་བའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་དང༌།བསྟོད་སྐུལ།ཁྲིད་སྟོན་བཅས་བྱ་དགོས།རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་རྩྭ་ཐང་གི་ཆུ་བེད་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ནས་རྩྭ་ཐང་ལ་ཆུ་གྲོན་ཆུང་གིས་གཏོང་བ་དར་སྤེལ་དང༌། མི་ཕྱུགས་ཀྱི་འཐུང་ཆུའི་ཆ་རྐྱེན་ལེགས་བཅོས་བྱ་དགོས།

དོན་ཚན་ཉེར་དགུ་བ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རྩྭ་ཐང་སྲུང་སྐྱོང་དང༌།   འཛུགས་སྐྲུན། བེད་སྤྱོད་བཅས་བྱ་རྒྱུའི་འཆར་གཞི་ལྟར་རྩྭ་སོན་རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ་རྩྭ་སོན་བཟང་འདེམས་དང༌།ནང་འདྲེན།ཁྱབ་གདལ་བཅས་བྱེད་པར་བསྟོད་སྐུལ་བྱ་དགོས།རྩྭ་རིགས་གསར་པར་ངེས་པར་དུ་རྒྱལ་ཡོངས་ཀྱི་རྩྭ་རིགས་ཞིབ་བཤེར་གཏན་འབེབས་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་གཏན་འབེབས་བྱས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་སྤྱི་བསྒྲགས་བྱས་རྗེས་ད་གཟོད་ཁྱབ་གདལ་དུ་བཏང་ཆོག རྒྱལ་ཁོངས་ཕྱི་རོལ་ནས་རྩྭ་སོན་ནང་འདྲེན་བྱེད་པར་ངེས་པར་དུ་ཁྲིམས་ལྟར་ཞིབ་མཆན་འགོད་དགོས།   རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཁྲིམས་ལྟར་རྩྭ་སོན་ཐོན་སྐྱེད་དང༌།ལས་སྣོན།འགོས་ནད་བརྟག་ཞིབ།ཞིབ་བཤེར་བཅས་བྱེད་པར་ལྟ་སྐུལ་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་རྩྭ་རིགས་ཀྱི་སྤུས་ཀར་འགན་ལེན་བྱ་དགོས།

དོན་ཚན་སུམ་ཅུ་བ།     རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་འཆར་གཞི་ཡོད་པའི་སྒོ་ནས་མེ་སྐྱོན་ལ་ལྟ་ཞིབ་ཚད་ལེན་དང༌།     མེ་འགོག་དངོས་རྫས་གསོག་འཇོགམེ་འགོག་བར་བཅད་ས་རྒྱུད་སོགས་རྩྭ་ཐང་གི་མེ་འགོག་སྒྲིག་བཀོད་འཛུགས་སྐྲུན་བྱས་ནས་མེ་འགོག་གི་དགོས་མཁོ་སྐོང་བར་འགན་ལེན་ཏན་ཏིག་བྱ་དགོས།

དོན་ཚན་སོ་གཅིག་པ།    ཞན་འགྱུར་དང༌།    བྱེ་མར་འགྱུར་བ།    བ་ཚྭ་ཅན་དུ་འགྱུར་བ། མྱ་ངམ་ཐང་དུ་འགྱུར་བ།    ས་ཆུ་ཤོར་བ་བཅས་པའི་རྩྭ་ཐང་ལ་ས་གནས་ཀྱི་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་རྩྭ་ཐང་སྲུང་སྐྱོང་དང༌།    འཛུགས་སྐྲུན།    བེད་སྤྱོད་བཅས་བྱ་རྒྱུའི་འཆར་གཞི་ལྟར་བཅོས་སྐྱོང་ཁུལ་ས་མཚམས་བཅད་དེ་ཆེད་དམིགས་བཅོས་སྐྱོང་བྱ་རྒྱུ་སྒྲིག་འཛུགས་བྱ་དགོས།རྩྭ་ཐང་གཞི་ཁྱོན་ཆེ་བར་ཕྱོགས་བསྡུས་བཅོས་སྐྱོང་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་ས་ཁོངས་སྒྲིག་བཅོས་བྱ་རྒྱུའི་འཆར་གཞིའི་ནང་འགོད་དགོས།

  དོན་ཚན་སོ་གཉིས་པ།    རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རྩྭ་ཐང་སྲུང་སྐྱོང་དང༌།    འཛུགས་སྐྲུན།   བེད་སྤྱོད་བཅས་བྱ་རྒྱུའི་འཆར་གཞི་ལྟར་རིམ་པ་དེ་གའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞིའི་ནང་མ་དངུལ་བཀོད་སྒྲིག་བྱས་ནས་རྩྭ་ཐང་ལེགས་བཅོས་དང༌།    མིའི་ཐབས་ཀྱིས་རྩྭ་འདེབས། རྩྭ་སོན་ཐོན་སྐྱེད་བཅས་བྱེད་པར་གཏོང་དགོས་ཤིང༌།    སྡེ་ཚན་གང་ངམ་སྐྱེ་བོ་སུ་ཞིག་ཡིན་རུང་མ་དངུལ་དེ་བཀག་ཉར་དང་སྤྱོད་སྒོ་གཞན་དུ་གཏོང་རིགས་བྱས་མི་ཆོག     རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཁོངས་ཀྱི་ནོར་སྲིད་སྡེ་ཁག་དང་རྩིས་བཤེར་སྡེ་ཁག་གིས་དེར་ལྟ་སྐུལ་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས།

            ལེའུ་ལྔ་བ། བེད་སྤྱོད་བྱེད་ཕྱོགས་སྐོར།

དོན་ཚན་སོ་གསུམ་པ།     རྩྭ་ཐང་བདག་གཉེར་བྱེད་འགན་གཙང་ལེན་བྱེད་མཁན་གྱིས་རྩྭ་ཐང་བེད་སྤྱོད་ལུགས་མཐུན་བྱ་དགོས་པ་ལས།    རྩྭ་ཐང་གི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཞིབ་བཤེར་གཏན་འབེབས་བྱས་པའི་ཕྱུགས་ཟོག་ཤོང་ཚད་ལས་བརྒལ་མི་ཆོགརྩྭ་ཐང་བདག་གཉེར་བྱེད་འགན་གཙང་ལེན་བྱེད་མཁན་གྱིས་གཟན་རྩྭ་དང་གཟན་ཆག་འདེབས་འཛུགས་དང་གསོག་ཉར་བྱེད་པ།གཟན་རྩྭ་དང་གཟན་ཆག་མཁོ་སྤྲོད་བྱེད་འབོར་མང་དུ་གཏོང་བ།ཕྱུགས་རིགས་སྙོམས་སྒྲིགཕྱུགས་ཁྱུའི་གྲུབ་ཚུལ་ལེགས་འགྱུར།བཤས་ཁུངས་སུ་གཏོང་འབོར་མང་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་རྩྭ་ཕྱུགས་དོ་མཉམ་ཡོང་བ་བྱ་དགོས།རྩྭ་ཐང་དུ་ཕྱུགས་ཟོག་ཤོང་གྲངས་ཀྱི་ཚད་གཞི་དང་རྩྭ་ཕྱུགས་དོ་མཉམ་ཡོང་བའི་དོ་དམ་བྱེད་ཐབས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་གཏན་འབེབས་བྱ་རྒྱུ།

དོན་ཚན་སོ་བཞི་བ།   འབྲོག་ཁུལ་གྱི་རྩྭ་ཐང་བདག་གཉེར་བྱེད་འགན་གཙང་ལེན་བྱེད་མཁན་གྱིས་ས་མཚམས་བཅད་ནས་ཕྱུགས་ཟོག་འཚོ་རེས་དང་ཕྱུགས་ཁྱུ་བཀོད་སྒྲིག་ལུགས་མཐུན་བྱས་ཏེ་རྩྭ་ཐང་བེད་སྤྱོད་སྙོམས་པོར་བྱ་དགོས།

དོན་ཚན་སོ་ལྔ་བ།   རྒྱལ་ཁབ་ཀྱིས་ཞིང་ཁུལ་དང༌།རོང་མ་འབྲོག་ཁུལ།ཆ་རྐྱེན་འཛོམས་པའི་འབྲོག་ཁུལ་བཅས་སུ་ར་སྐོར་ནང་ཕྱུགས་གསོ་དར་སྤེལ་གཏོང་རྒྱུ།རྩྭ་ཐང་བདག་གཉེར་བྱེད་འགན་གཙང་ལེན་བྱེད་མཁན་གྱིས་གསོ་ཚགས་བྱེད་པའི་ཕྱུགས་ཟོག་གི་སྣ་ཁ་དང་གྲངས་འབོར་ལྟར་གཟན་རྩྭ་དང་གཟན་ཆག་སྙོམས་སྒྲིག་དང་གསོག་འཇོག་དང༌།སྔོ་གཟན་གསོག་ཉར།   གཟན་རྩྭ་དང་གཟན་ཆག་ལས་སྣོན་སོགས་པའི་ལག་རྩལ་གསར་པ་སྤྱད་དེ་རང་བྱུང་རྩྭ་རར་བརྟེན་ནས་ཕྱུགས་འཚོ་བའི་ཐོན་སྐྱེད་བྱེད་སྟངས་རིམ་གྱིས་བསྒྱུར་དགོས།རྩྭ་ཐང་གི་ཕྱུགས་འཚོ་སྡོམ་ཁུལ་དང༌།ཕྱུགས་འཚོ་མཚམས་འཇོག་ཁུལ།རྩྭ་ཁ་རེས་སྐོར་ཁུལ་བཅས་སུ་ར་བ་སྐོར་ནས་ཕྱུགས་གསོ་བར་རྒྱལ་ཁབ་ཀྱིས་འབྲུ་རིགས་དང་མ་དངུལ་ཐོག་ནས་ཁ་གསབ་རོགས་རམ་བྱ་རྒྱུ་དང༌།བྱེད་ཐབས་ཞིབ་ཕྲ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ངམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབང་སྐུར་བའི་འབྲེལ་ཡོད་སྡེ་ཁག་གིས་གཏན་འབེབས་བྱ་རྒྱུ།

དོན་ཚན་སོ་དྲུག་པ།       རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་རྩྭ་ར་དང་བྱེས་སྐྱེས་རྩྭ་རིགས་ཀྱི་རྟེན་གཞིར་རྩྭ་བརྔ་ཡུན་དང༌།སོན་འཐུའི་དུས་ཡུན།    རྩྭ་རྔ་ཤུལ་འཇོག་པའི་མཐོ་ཚད།  རྩྭ་རྔ་ཚད་བཅས་གཏན་འབེབས་ལུགས་མཐུན་བྱས་ནས་རེས་རྔ་དང་རེས་འཐུ་བྱ་དགོས།

དོན་ཚན་སོ་བདུན་པ།     རང་བྱུང་གནོད་འཚེ་སོགས་པའི་གནས་ཚུལ་དམིགས་བསལ་ཅན་བྱུང་སྟེ་གནས་སྐབས་སུ་རྩྭ་ཐང་སྙོམས་སྒྲིག་གིས་བེད་སྤྱོད་བྱ་དགོས་ན།  རང་མོས་གཉིས་ཕན་གྱི་རྩ་དོན་ལྟར་ཕྱོགས་གཉིས་ཀས་གྲོས་མོལ་གྱིས་ཐག་གཅོད་རྒྱུ་དང༌།    རྫོང་ལས་བརྒལ་ཏེ་གནས་སྐབས་སུ་རྩྭ་ཐང་སྙོམས་སྒྲིག་གིས་བེད་སྤྱོད་བྱ་དགོས་ན་འབྲེལ་ཡོད་རྫོང་རིམ་པའི་མི་དམངས་སྲིད་གཞུང་ངམ་ཐུན་མོང་གི་གོང་རིམ་མི་དམངས་སྲིད་གཞུང་རྩ་འཛུགས་ཀྱིས་གྲོས་མོལ་གྱིས་ཐག་གཅོད་རྒྱུ།

དོན་ཚན་སོ་བརྒྱད་པ།     གཏེར་ཁ་སྔོག་འདོན་དང་ལས་གྲྭ་འཛུགས་སྐྲུན་བྱེད་པར་རྩྭ་ཐང་མི་བཟུང་བའམ་ཉུང་ཙམ་ལས་མི་བཟུང་བ་བྱ་དགོས་ཤིང༌།དངོས་འབྲེལ་རྩྭ་ཐང་བསྡུ་སྤྱོད་དམ་བེད་སྤྱོད་བྱ་དགོས་ན་ངེས་པར་དུ་ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཞིབ་བཤེར་གཏན་འབེབས་བྱས་ནས་ཡིད་མཐུན་བྱས་པའི་རྗེས་སུ་ས་ཆ་དོ་དམ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལྟར་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆར་ཞིབ་མཆན་འགོད་པའི་འགྲོ་ལུགས་འགྲིམ་དགོས།

དོན་ཚན་སོ་དགུ་བ།     འཛུགས་སྐྲུན་བྱེད་པའི་རྐྱེན་གྱིས་ཐུན་མོང་ལ་དབང་བའི་རྩྭ་ཐང་བསྡུ་སྤྱོད་བྱེད་པརས་ཆ་དོ་དམ་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམསནང་གསལ་གཏན་འབེབས་ལྟར་སྐྱིན་ཚབ་སྤྲོད་རྒྱུ་དང༌།འཛུགས་སྐྲུན་བྱེད་པའི་རྐྱེན་གྱིས་རྒྱལ་ཁབ་ལ་དབང་བའི་རྩྭ་ཐང་བེད་སྤྱོད་བྱེད་ན།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་གཏན་འབེབས་ལྟར་རྩྭ་ཐང་བདག་གཉེར་བྱེད་འགན་གཙང་ལེན་བྱེད་མཁན་ལ་སྐྱིན་ཚབ་སྤྲོད་དགོས།འཛུགས་སྐྲུན་བྱེད་པའི་རྐྱེན་གྱིས་རྩྭ་ཐང་བསྡུས་སྤྱོད་དམ་བེད་སྤྱོད་བྱེད་མཁན་གྱིས་རྩྭ་ཐང་གི་སྤང་ཤུན་བསྐྱར་གསོའི་གྲོན་དངུལ་སྤྲོད་དགོས།རྩྭ་ཐང་གི་སྤང་ཤུན་བསྐྱར་གསོའི་གྲོན་དངུལ་ཆེད་དངུལ་ཆེད་སྤྱོད་བྱ་རྒྱུ་དང༌།རྩྭ་ཐང་གི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་གཏན་འབེབས་ལྟར་རྩྭ་ཐང་གི་སྤང་ཤུན་བསྐྱར་གསོ་བྱ་རྒྱུར་སྤྱོད་དགོས་པས།སྡེ་ཚན་གང་དང་སྐྱེ་བོ་སུ་ཞིག་ཡིན་རུང་ཆེད་དངུལ་དེ་བཀག་སྤྱོད་དང་སྤྱོད་སྒོ་གཞན་དུ་བཏང་མི་ཆོག རྩྭ་ཐང་གི་སྤང་ཤུན་བསྐྱར་གསོའི་གྲོན་དངུལ་བསྡུ་བ་དང༌།      བེད་སྤྱོད།   དོ་དམ་བཅས་བྱ་ཐབས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་རིན་གོང་གཙོ་སྐྱོང་སྡེ་ཁག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་ནོར་སྲིད་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་དང་མཉམ་དུ་གཏན་འབེབས་བྱ་རྒྱུ།

དོན་ཚན་བཞི་བཅུ་བ།     རྩྭ་ཐང་གནས་སྐབས་བཟུང་སྤྱོད་བྱ་དགོས་རིགས་ལ་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གི་ཞིབ་དཔྱད་མོས་མཐུན་ཐོབ་དགོས།རྩྭ་ཐང་གནས་སྐབས་བཟུང་སྤྱོད་བྱེད་པའི་དུས་ཚད་ལོ་གཉིས་ལས་བརྒལ་མི་ཆོག་ལ།གནས་སྐབས་བཟུང་སྤྱོད་བྱས་པའི་རྩྭ་ཐང་ཐོག་ཏུ་གཏན་ཚུགས་ཀྱི་རྩིག་བཟོས་དང་བཟོ་བཀོད་དངོས་པོ་གསར་སྐྲུན་བྱས་མི་ཆོག་བཟུང་སྤྱོད་བྱེད་པའི་དུས་ཚད་འཐིམས་མཚམས་ས་ཆ་སྤྱོད་མཁན་སྡེ་ཚན་གྱིས་ངེས་པར་དུ་རྩྭ་ཐང་གི་སྤང་ཤུན་བསྐྱར་གསོ་བྱ་དགོས་པ་དང་སྦྲགས་དུས་ཐོག་ཏུ་ཕྱིར་སློག་བྱ་དགོས།

དོན་ཚན་ཞེ་གཅིག་པ།    རྩྭ་ཐང་ཐོག་ཏུ་རྩྭ་ཐང་སྲུང་སྐྱོང་དང་འབྲོག་ལས་ཐོན་སྐྱེད་ལ་ཐད་ཀར་ཞབས་འདེགས་ཞུ་བའི་ལས་གྲྭའི་སྒྲིག་བཀོད་གསར་སྐྲུན་བྱེད་པར་རྩྭ་ཐང་སྤྱོད་དགོས་ན།རྫོང་རིམ་པ་ཡན་གྱི་མི་དམངསསྲིད་གཞུང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གི་ཆོག་མཆན་འཐོབ་དགོས་པ་དང༌།ལས་གྲྭ་གཞན་དག་བཟོ་སྐྲུན་བྱེད་པར་རྩྭ་ཐང་འབྲོག་ལས་མ་ཡིན་པའི་ཐོན་སྐྱེད་ལ་སྤྱོད་པའི་ས་ཆར་བསྒྱུར་དགོས་ན།ངེས་པར་དུ་ཁྲིམས་ལྟར་འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་ཞིབ་མཆན་འགོད་པའི་འགྲོ་ལུགས་འགྲིམ་དགོས།ནང་གསེས་དོན་ཚན་གོང་མར་བརྗོད་པའི་རྩྭ་ཐང་སྲུང་སྐྱོང་དང་འབྲོག་ལས་ཐོན་སྐྱེད་ལ་ཐད་ཀར་ཞབས་འདེགས་ཞུ་བའི་ལས་གྲྭའི་སྒྲིག་བཀོད་ཞེས་པ་ནི།

གཅིགརྩྭ་སོན་དང་གཟན་རྩྭ་གཟན་ཆག་ཐོན་སྐྱེད་དང་གསོག་ཉར་བྱེད་པའི་སྒྲིག་བཀོད་དང༌།

གཉིསཕྱུགས་རིགས་ཀྱི་ལྷས་ར་དང༌། རྒྱུད་སྤེལ་བྱེད་གནས། བལ་འབྲེག་ས།   སྨན་ཆུའི་རྫིང་བུ།      མི་ཕྱུགས་ཀྱི་འཐུང་ཆུ་བཅས་ཀྱི་སྒྲིག་བཀོད།

གསུམ  ཚན་རིག་ཞིབ་འཇུག་དང༌།  ཚོད་ལྟ།    དཔེ་སྟོན་བཅས་ཀྱི་རྟེན་གཞི།

བཞིརྩྭ་ཐང་གི་མེ་ཟོན་དང་རྩྭ་ཐང་ལ་ཆུ་གཏོང་བའི་སྒྲིག་བཀོད་བཅས་ལ་ཟེར་བ་ཡིན།

 ལེའུ་དྲུག་པ། སྲུང་སྐྱོང་བྱེད་ཕྱོགས་སྐོར།

དོན་ཚན་ཞེ་གཉིས་པ།   རྒྱལ་ཁབ་ཀྱིས་གཞི་རྩའི་རྩྭ་ཐང་སྲུང་སྐྱོང་ལམ་ལུགས་ལག་ལེན་བསྟར་རྒྱུ།    གཤམ་གསལ་གྱི་རྩྭ་ཐང་དག་གཞི་རྩའི་རྩྭ་ཐང་གི་ཁོངས་སུ་བཅུག་ནས་དོ་དམ་ནན་པོ་བྱ་དགོས་པ་སྟེ།

གཅིགཕྱུགས་འཚོ་སའི་མཚེར་ས་གཙོ་བོ་དང༌།

གཉིསརྩྭ་བརྔ་སའི་རྩྭ་ཐང༌།

གསུམའབྲོག་ལས་ཐོན་སྐྱེད་ལ་སྤྱོད་རྒྱུའི་མིས་བཟོས་རྩྭ་ར་དང༌།     ཞིང་འདོར་རྩྭ་གསོའི་རྩྭ་ར་དེ་བཞིན་ལེགས་འགྱུར་རྩྭ་ར་དང༌།   རྩྭ་སོན་རྟེན་གཞི་བཅས།

བཞིགནམ་གཤིས་སྙོམས་སྒྲིག་དང༌།    ཆུ་འགོ་གསོ་འཁྱོངས། ས་ཆུ་སྲུང་འཛིན།     རླུང་འགོག་བྱེ་འཇགས་བཅས་ཀྱི་དམིགས་བསལ་ནུས་པ་ལྡན་པའི་རྩྭ་ཐང༌།

ལྔརྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོང་བྱེད་པའི་བྱེས་འཚོའི་སྲོག་ཆགས་དང་བྱེས་སྐྱེས་རྩི་ཤིང་འཚོ་གནས་ཡུལ་ཁམས་སྲུང་སྐྱོང་བྱེད་ཡུལ་དུ་གྱུར་པའི་རྩྭ་ཐང༌།

དྲུགརྩྭ་ཐང་གི་ཚན་རིག་ཞིབ་འཇུག་དང་སློབ་ཁྲིད་ཀྱི་ཚོད་ལྟའི་རྟེན་གཞི།

བདུནརྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ལ་ཕབ་པའི་གཞི་རྩའི་རྩྭ་ཐང་གི་ཁོངས་སུ་འཇུག་དགོས་པའི་རྩྭ་ཐང་གཞན་དག་བཅས་ཡིན།     གཞི་རྩའི་རྩྭ་ཐང་སྲུང་སྐྱོང་དང་དོ་དམ་བྱེད་ཐབས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་གཏན་འབེབས་བྱ་རྒྱུ

དོན་ཚན་ཞེ་གསུམ་པ།   རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གམ་ཡང་ན་ཞིང་ཆེན་དང༌།   རང་སྐྱོང་ལྗོངས།   ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་བྱེད་པའི་འབྲེལ་ཡོད་གཏན་འབེབས་ལྟར་གཤམ་གསལ་ས་ཁུལ་དུ་རྩྭ་ཐང་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་ཆོག་པ་སྟེ།

གཅིགམཚོན་བྱེད་རང་བཞིན་ལྡན་པའི་རྩྭ་ཐང་གི་གྲས་དང༌།

གཉིསརྩ་ཆེ་ཞིང་སྟོངས་ལ་ཁད་ཀྱི་བྱེས་འཚོའི་སྲོག་ཆགས་དང་བྱེས་སྐྱེས་རྩི་ཤིང་ཁྱབ་ཁུལ།

གསུམསྐྱེ་ཁམས་ཀྱི་ནུས་པ་གལ་ཆེན་དང་དཔལ་འབྱོར་དང་ཚན་ཞིབ་ཀྱི་རིན་ཐང་ལྡན་པའི་རྩྭ་ཐང་བཅས་ཡིན།

དོན་ཚན་ཞེ་བཞི་པ།   རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཁྲིམས་ལྟར་རྩྭ་ཐང་ཐོག་གི་རྩ་ཆེ་ཞིང་སྟོངས་ལ་ཁད་ཀྱི་བྱེས་སྐྱེས་རྩི་ཤིང་དང་གཞི་རྒྱུའི་ཐོན་ཁུངས་སྲུང་སྐྱོང་དང་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

དོན་ཚན་ཞེ་ལྔ་པ།    རྒྱལ་ཁབ་ཀྱིས་རྩྭ་ཐང་དུ་རྩྭ་ལ་གཞིགས་ནས་ཕྱུགས་འཚོའི་གྲངས་འབོར་གཏན་འཁེལ་དང་རྩྭ་ཕྱུགས་དོ་མཉམ་ལམ་ལུགས་ལག་ལེན་བསྟར་རྒྱུ།རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་གཏན་འབེབས་བྱས་པའི་རྩྭ་ཐང་དུ་ཕྱུགས་ཟོག་ཤོང་ཚད་ཀྱི་ཚད་གཞིར་གཞིགས་ནས་ས་གནས་དེ་གའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ་དུས་བཀག་ལྟར་རྩྭ་ཐང་དུ་ཕྱུགས་ཟོག་ཤོང་ཚད་ཞིབ་བཤེར་གཏན་ཁེལ་བྱ་དགོས།མི་དམངས་སྲིད་གཞུང་རིམ་པ་ཁག་གིས་བྱེད་ཐབས་ནུས་ལྡན་སྤྱད་དེ་ཚད་ལས་བརྒལ་ནས་ཕྱུགས་ཟོག་འཚོ་བར་བཀག་འགོག་བྱ་དགོས།

དོན་ཚན་ཞེ་དྲུག་པ།   རྩྭ་ཐང་གསར་སྦོལ་བྱས་མི་ཆོག     ས་ཆུ་ཚབས་ཆེན་ཤོར་བ་དང༌།    བྱེ་ཐང་དུ་འགྱུར་ཉེན་ཡོད་པ།སྐྱེ་ཁམས་ལེགས་འགྱུར་གྱི་དགོས་མཁོ་ཡོད་པ་བཅས་ཀྱི་གསར་སྦོལ་བྱས་ཟིན་པའི་རྩྭ་ཐང་ལ་འཆར་གཞི་དང་གོམ་རིམ་ཡོད་པའི་སྒོ་ནས་ཞིང་འདོར་རྩྭ་གསོ་བྱ་རྒྱུ་དང༌།   བྱེ་ཐང་ཅན་དང༌།    བ་ཚྭ་ཅན།   བྱེ་རྡོ་ཅན་བཅས་སུ་འགྱུར་བའི་རིགས་ལ་དུས་བཀག་ལྟར་བཅོས་སྐྱོང་བྱ་དགོས།

དོན་ཚན་ཞེ་བདུན་པ།    སྐྱེ་ནུས་ཉམས་པ་དང༌།བྱེ་ཐང་ཅན་དང༌།བ་ཚྭ་ཅན།བྱེ་རྡོ་ཅན་བཅས་སུ་འགྱུར་ཚབས་ཆེ་བའི་རྩྭ་ཐང་དང་སྐྱེ་ཁམས་ཞན་ཁུལ་གྱི་རྩྭ་ཐང་ལ་ཕྱུགས་འཚོ་མི་ཆོག་པ་དང་ཕྱུགས་འཚོ་མཚམས་འཇོག་པའི་ལམ་ལུགས་ལག་ལེན་བསྟར་རྒྱུ།

དོན་ཚན་ཞེ་བརྒྱད་པ།     རྒྱལ་ཁབ་ཀྱིས་ཁྲིམས་ལྟར་ཞིང་འདོར་རྩྭ་གསོ་དང༌།   ཕྱུགས་འཚོ་མི་ཆོག་པ།     ཕྱུགས་འཚོ་མཚམས་འཇོག་པ་བཅས་ལག་ལེན་བསྟར་བར་རོགས་རམ་བྱ་རྒྱུ།བྱེད་ཐབས་ཞིབ་ཕྲ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ངམ་ཡང་ན་ཞིང་ཆེན་དང༌།རང་སྐྱོང་ལྗོངས།ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་གཏན་འབེབས་བྱ་རྒྱུ།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀའ་འཁྲོལ་བའི་འཆར་གཞིའི་ཁྱབ་ཁོངས་ནང་ཞིང་འདོར་རྩྭ་གསོ་བྱེད་པའི་ཞིང་པ་དང་འབྲོག་པར་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་འབྲུ་རིགས་དང༌།དངུལ་དམར།རྩྭ་སོན་འགྲོ་གྲོན་བཅས་ཀྱི་ཁ་གསབ་རོགས་དངུལ་སྤྲོད་རྒྱུ།ཞིང་འདོར་རྩྭ་གསོ་བྱས་རྗེས།རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཐོ་འགོད་ཞིབ་བསྡུར་བྱ་རྒྱུ་དང༌།ཁྲིམས་ལྟར་ས་ཞིང་སྤྱོད་སྒོ་བསྒྱུར་བའི་འགྲོ་ལུགས་འགྲིམས་ནས་རྩྭ་ཐང་དབང་ཁོངས་ལག་ཁྱེར་སྤྲོད་རྒྱུ།

དོན་ཚན་ཞེ་དགུ་པ།   མྱ་ངམ་ཐང་དང་བྱེ་ས་ཕྱེད་ཙམ་གྱི་ས་ཁུལ་དང༌།    སྐྱེ་ནུས་ཉམས་པ་དང༌།   བྱེ་ཐང་ཅན།བ་ཚྭ་ཅན།བྱེ་རྡོ་ཅན་བཅས་སུ་འགྱུར་ཚབས་ཆེ་བ།ས་ཆུ་ཚབས་ཆེན་ཤོར་བ་བཅས་ཀྱི་རྩྭ་ཐང་དང་དེ་བཞིན་སྐྱེ་ཁམས་ཞན་ཁུལ་གྱི་རྩྭ་ཐང་ཐོག་རྩི་ཤིང་གཅོད་འཐུ་དང་རྩྭ་ཐང་གི་སྤང་ཤུན་གཏོར་བརླག་གཏོང་བའི་བྱེད་སྒོ་གཞན་དག་སྤེལ་མི་ཆོག

དོན་ཚན་ལྔ་བཅུ་པ།   རྩྭ་ཐང་ཐོག་ས་ལེན་དང༌།  བྱེ་འདྲུ།  རྡོ་སྔོག་ལ་སོགས་པའི་ལས་ཀ་བྱ་དགོས་ན།    རྫོང་རིམ་པའི་མི་དམངས་སྲིད་གཞུང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་ཆོག་མཆན་ཞུ་དགོས་པ་དང༌།གཏེར་ཁའི་ཐོན་ཁུངས་སྔོག་འདོན་བྱ་དགོས་ན།ཁྲིམས་ལྟར་འབྲེལ་ཡོད་འགྲོ་ལུགས་ཆབས་སྦྲགས་སུ་འགྲིམ་དགོས།རྩྭ་ཐང་ཐོག་དོན་ཚན་འདི་གའི་ནང་གསེས་དོན་ཚན་དང་པོར་གསལ་བའི་བྱེད་སྒོ་སྤེལ་བའི་ཆོག་མཆན་ཐོབ་ན།    གཏན་ལ་ཕབ་པའི་དུས་ཚོད་དང་ས་ཁོངས་སུ་ཆོག་མཆན་བཀོད་པའི་སྔོག་འདོན་བྱེད་སྟངས་ལྟར་ལས་ཀ་སྒྲུབ་པ་དང་ཆབས་སྦྲགས་སུ་རྩྭ་ཐང་གི་སྤང་ཤུན་སྲུང་སྐྱོང་བྱེད་ཐབས་སྤྱོད་རྒྱུ།སྐྱེ་བོ་གཞན་གྱིས་བེད་སྤྱོད་བྱེད་པའི་རྩྭ་ཐང་ཐོག་དོན་ཚན་འདི་གའི་ནང་གསེས་དོན་ཚན་དང་པོར་གསལ་བའི་བྱེད་སྒོ་སྤེལ་ཚེ།ད་དུང་སྔོན་ལ་རྩྭ་ཐང་སྤྱོད་མཁན་གྱི་མོས་མཐུན་འཐོབ་དགོས།

དོན་ཚན་ང་གཅིག་པ།  རྩྭ་ཐང་ཐོག་གཟན་རྩྭའམ་ཡང་ན་གཟན་ཆག་གི་ལོ་ཏོག་འདེབས་པར་རྩྭ་ཐང་སྲུང་སྐྱོང་དང༌།   འཛུགས་སྐྲུན།    བེད་སྤྱོད་བཅས་བྱ་རྒྱུའི་སྐོར་གྱི་འཆར་གཞི་དང་མཐུན་དགོས་པ་དང༌།རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ལྟ་སྐུལ་དང་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྩྭ་ཐང་བྱེ་ཐང་དུ་འགྱུར་ཚུལ་དང་ས་ཆུ་ཤོར་ཚུལ་སྔོན་འགོག་བྱ་དགོས།

དོན་ཚན་ང་གཉིས་པ།    རྩྭ་ཐང་ཐོག་བདག་གཉེར་རང་བཞིན་ལྡན་པའི་ཡུལ་སྐོར་བྱེད་སྒོ་སྤེལ་བར་རྩྭ་ཐང་སྲུང་སྐྱོང་དང༌། འཛུགས་སྐྲུན།   བེད་སྤྱོད་བཅས་བྱ་རྒྱུའི་སྐོར་གྱི་འཆར་གཞི་དང་མཐུན་དགོས་ལ།སྔོན་ལ་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གི་མོས་མཐུན་འཐོབ་མཚམས་ད་གཟོད་འབྲེལ་ཡོད་འགྲོ་ལུགས་འགྲིམས་ཆོགརྩྭ་ཐང་ཐོག་བདག་གཉེར་རང་བཞིན་ལྡན་པའི་ཡུལ་སྐོར་བྱེད་སྒོ་སྤེལ་བར་རྩྭ་ཐང་དབང་མཁན་དང༌།སྤྱོད་མཁན།འགན་གཙང་བླངས་ནས་བདག་གཉེར་བྱེད་མཁན་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་བྱས་མི་ཆོག་པ་དང༌། རྩྭ་ཐང་གི་སྤང་ཤུན་གཏོར་བརླག་བཏང་མི་ཆོག

དོན་ཚན་ང་གསུམ་པ།    རྩྭ་ཐང་གི་མེ་ཟོན་སྔོན་འགོག་ལས་ཀ་གཙོ་བོར་འཛིན་པ་དང༌།མེ་ཟོན་མེ་གསོད་ཟུང་དུ་སྦྲེལ་བའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བསྟར་རྒྱུ།མི་དམངས་སྲིད་གཞུང་རིམ་པ་ཁག་གིས་རྩྭ་ཐང་གི་མེ་ཟོན་འགན་འཁྲིའི་ལམ་ལུགས་བཙུགས་ནས་རྩྭ་ཐང་གི་མེ་ཟོན་དུས་སྐབས་གཏན་འབེབས་བྱེད་པ་དང༌།རྩྭ་ཐང་གི་མེ་ཟོན་མེ་གསོད་སྔོན་དཔག་ཇུས་གཞི་གཏན་ལ་ཕབ་ནས་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་དང་མེ་གསོད་མི་སྐྱོབ་ཀྱི་ལས་ཀ་ཏན་ཏིག་གིས་ལེགས་པར་བསྒྲུབ་དགོས།

དོན་ཚན་ང་བཞི་པ།     རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་རྩྭ་ཐང་གི་ཨ་བྲའི་གནོད་འཚེ་དང༌། ནད་འབུའི་འཚེ་བ།   དུག་རྩྭ་བཅས་འགོག་བཅོས་བྱ་རྒྱུ་སྒྲིག་འཛུགས་དང་དོ་དམ་གྱི་ལས་ཀ་ཡག་པོ་བྱ་དགོས།རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་བྱེད་ཐབས་སྤྱད་ནས་རྩྭ་ཐང་གི་ཨ་བྲའི་གནོད་འཚེ་དང༌།   ནད་འབུའི་འཚེ་བ། དུག་རྩྭ་བཅས་ལ་ལྟ་ཞིབ་ཚད་ལེན་དང༌།སྔོན་བརྡ་གཏོང་བ་དང༌།  བརྟག་དཔྱད་དེ་བཞིན་འགོག་བཅོས་བཅས་ཀྱི་ལས་ཀར་ཤུགས་སྣོན་བརྒྱབ་ནས་ཕྱོགས་བསྡུས་འགོག་བཅོས་བྱེད་ཐབས་ཞིབ་འཇུག་དང་ཁྱབ་གདལ་གཏོང་རྒྱུ་སྒྲིག་འཛུགས་བྱ་རྒྱུ།རྩྭ་ཐང་ཐོག་དུག་ཤེད་ཆེ་བ་དང༌།འཕྲོ་ལུས་མང་བ་དེ་བཞིན་དུག་སྐྱོན་བསྐྱར་དུ་ཕོག་ཤས་ཆེ་བ་བཅས་ཀྱི་ཞིང་སྨན་སྤྱད་མི་ཆོག

དོན་ཚན་ང་ལྔ་པ།    ཉེན་སྐྱོབ་གནོད་སེལ་དང་འབྲོག་པ་རུ་སྤོ་བར་སྤྱོད་པའི་འཕྲུལ་སྒུལ་འཁོར་ལོ་ཕུད།   འཕྲུལ་སྒུལ་འཁོར་ལོ་བགྲོད་ལམ་དང་བྲལ་ནས་རྩྭ་ཐང་ཐོག་བསྐྱོད་དེ་རྩྭ་ཐང་གི་སྤང་ཤུན་གཏོར་སྐྱོན་བཏང་མི་ཆོག    ས་གཤིས་རྩད་གཅོད་དང་ཚན་རིག་རྟོག་ཞིབ་ལ་སོགས་པའི་བྱེད་སྒོ་གཉེར་བའི་དབང་གིས་བགྲོད་ལམ་དང་བྲལ་ནས་རྩྭ་ཐང་ཐོག་བསྐྱོད་དགོས་ངེས་ཡིན་ན།རྫོང་རིམ་པའི་མི་དམངས་སྲིད་གཞུང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་བགྲོད་སྐྱོད་བྱེད་ཁུལ་དང་བགྲོད་སྐྱོད་ལམ་ཐིག་གི་ཇུས་གཞི་ཕུལ་ནས་དངོས་སུ་ངོས་འཛིན་ཁས་ལེན་བྱས་རྗེས་ལག་ལེན་བསྟར་རྒྱུ།

         ལེའུ་བདུན་པ། ལྟ་སྐུལ་དང་ཞིབ་བཤེར་བྱེད་ཕྱོགས་སྐོར།

དོན་ཚན་ང་དྲུག་པ།    རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་དང་རྩྭ་ཐང་རྒྱ་ཁྱོན་ཅུང་ཆེ་བའི་ཞིང་ཆེན་དང༌།རང་སྐྱོང་ལྗོངས་ཀྱི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་རྩྭ་ཐང་གི་ལྟ་སྐུལ་དོ་དམ་ལས་ཁུངས་བཙུགས་ནས་རྩྭ་ཐང་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་ལེན་བསྟར་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་འགན་འཁུར་ནས་རྩྭ་ཐང་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་འགལ་བའི་བྱ་སྤྱོད་ལ་རྩད་ཞིབ་ཐག་གཅོད་བྱ་རྒྱུ།རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་དང་རྩྭ་ཐང་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་ཁྲིམས་འཛིན་དཔུང་སྡེ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་རྩྭ་ཐང་གི་ལྟ་སྐུལ་ཞིབ་བཤེར་མི་སྣའི་ཆབ་སྲིད་དང་བྱེད་སྒོའི་བྱང་ཚད་མཐོ་རུ་གཏོང་དགོས།རྩྭ་ཐང་གི་ལྟ་སྐུལ་ཞིབ་བཤེར་མི་སྣས་རང་འགན་ལ་བློ་དཀར་བ་དང་ཁྲིམས་གཅོད་དྲང་གཞག་བྱ་དགོས།

དོན་ཚན་ང་བདུན་པ།     རྩྭ་ཐང་གི་ལྟ་སྐུལ་ཞིབ་བཤེར་མི་སྣས་ལྟ་སྐུལ་དང་ཞིབ་བཤེར་གྱི་འགན་འཁྲི་སྒྲུབ་སྐབས་གཤམ་གསལ་གྱི་བྱེད་ཐབས་སྤྱོད་དབང་ཡོད་པ་སྟེ།

གཅིགཞིབ་བཤེར་བྱ་ཡུལ་སྡེ་ཚན་ནམ་མི་སྒེར་ལ་རྩྭ་ཐང་དབང་ཁོངས་ཀྱི་འབྲེལ་ཡོད་ཡིག་ཆ་དང་དཔྱད་ཡིག་འདོན་སྤྲོད་བྱེད་པའི་རེ་བ་བཏོན་ནས་ཀློག་བཤེར་རམ་འདྲ་བཟོ་བྱེད་པ་དང༌།

གཉིསཞིབ་བཤེར་བྱ་ཡུལ་སྡེ་ཚན་ནམ་མི་སྒེར་ལ་རྩྭ་ཐང་དབང་ཁོངས་སོགས་ཀྱི་གནད་དོན་ལ་གསལ་བཤད་བྱ་དགོས་པའི་བླང་བྱ་འདོན་པ།

གསུམཁྲིམས་འགལ་གནས་ཚུལ་བྱུང་སར་བསྐྱོད་ནས་པར་རྒྱག་དང༌།བརྙན་ལེན།རྩད་ཞིབ་ཐིག་ལེན་བཅས་བྱ་རྒྱུ།

བཞིཞིབ་བཤེར་བྱ་ཡུལ་སྡེ་ཚན་ནམ་ཡང་ན་མི་སྒེར་ལ་རྩྭ་ཐང་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་འགལ་བའི་བྱ་སྤྱོད་སྤེལ་མཚམས་འཇོག་ཏུ་བཅུག་ནས་ཁྲིམས་བཀོད་འོས་འགན་སྒྲུབ་ཏུ་འཇུག་རྒྱུ་བཅས་སོ།

དོན་ཚན་ང་བརྒྱད་པ།    རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་དང༌།   ཞིང་ཆེན་དང་རང་སྐྱོང་ལྗོངས།ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་རྩྭ་ཐང་གི་ལྟ་སྐུལ་ཞིབ་བཤེར་མི་སྣར་གསོ་སྦྱོང་དང་དཔྱད་ཞིབ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

དོན་ཚན་ང་དགུ་པ།   རྩྭ་ཐང་གི་ལྟ་སྐུལ་ཞིབ་བཤེར་མི་སྣས་ལྟ་སྐུལ་དང་ཞིབ་བཤེར་བྱེད་པར་འབྲེལ་ཡོད་སྡེ་ཚན་དང་མི་སྒེར་གྱིས་རྒྱབ་སྐྱོར་དང་རམ་འདེགས་བྱ་དགོས་པ་ལས།རྩྭ་ཐང་གི་ལྟ་སྐུལ་ཞིབ་བཤེར་མི་སྣས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་ལེན་མི་བྱེད་པའམ་བཀག་འགོག་བྱས་མི་ཆོགརྩྭ་ཐང་གི་ལྟ་སྐུལ་ཞིབ་བཤེར་མི་སྣས་ལྟ་སྐུལ་དང་ཞིབ་བཤེར་གྱི་འགན་འཁྲི་སྒྲུབ་སྐབས་ཞིབ་བཤེར་བྱ་ཡུལ་སྡེ་ཚན་དང་མི་སྒེར་ལ་ཁྲིམས་བསྟར་ལག་ཁྱེར་སྟོན་དགོས།

དོན་ཚན་དྲུག་ཅུ་པ།   རྩྭ་ཐང་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་འགལ་བའི་བྱ་སྤྱོད་ལ་ཁྲིམས་ལྟར་སྲིད་འཛིན་ཐད་ཀྱི་ཐག་གཅོད་བྱ་དགོས་ཀྱང་འབྲེལ་ཡོད་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་སྲིད་འཛིན་ཐད་ཀྱི་ཐག་གཅོད་བྱ་རྒྱུའི་གཏན་འཁེལ་བྱས་མེད་ན།གོང་རིམ་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་འབྲེལ་ཡོད་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་སྲིད་འཛིན་ཐད་ཀྱི་ཐག་གཅོད་བྱེད་དུ་འཇུག་རྒྱུའི་གཏན་འཁེལ་བྱེད་དབང་ཡོད་པའམ་ཡང་ན་སྲིད་འཛིན་ཐད་ཀྱི་ཐག་གཅོད་བྱ་རྒྱུ་གཏན་འཁེལ་ཐད་ཀར་བྱེད་དབང་ཡོད།

                 ལེའུ་བརྒྱད་པ། ཁྲིམས་འབྲེལ་ཁུར་འཁྲིའི་སྐོར།

དོན་ཚན་རེ་གཅིག་པ།    རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གི་ལས་བྱེད་མི་སྣ་དང་རྒྱལ་ཁབ་ལས་ཁུངས་གཞན་དག་གི་འབྲེལ་ཡོད་ལས་བྱེད་མི་སྣས་རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ་དང་འགན་དབང་གང་བྱུང་དུ་སྤྱད་པ།ཁྲིམས་ལྟར་ལྟ་སྐུལ་དང་དོ་དམ་གྱི་འཁུར་འཁྲི་མི་བསྒྲུབ་པའམ་ཡང་ན་ཁྲིམས་འགལ་གྱི་བྱ་སྤྱོད་ཤེས་ཀྱང་རྩད་གཅོད་མ་བྱས་པས་མཇུག་འབྲས་ཚབས་ཆེན་བཟོས་ནས་བྱས་ཉེས་སུ་གྲུབ་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ།ཉེས་དོན་ཆད་གཅོད་ཀྱི་ཚད་མ་ལོན་ན། ཁྲིམས་ལྟར་སྲིད་འཛིན་ཐད་ཀྱི་ཆད་པ་གཅོད་རྒྱུ།

དོན་ཚན་རེ་གཉིས་པ།   རྩྭ་ཐང་ལེགས་བསྒྱུར་དང༌།རྩོལ་བར་བརྟེན་ནས་རྩྭ་འདེབས་པ།རྩྭ་སོན་ཐོན་སྐྱེད་བཅས་ཀྱི་མ་དངུལ་ལམ་ཡང་ན་རྩྭ་ཐང་གི་སྤང་ཤུན་བསྐྱར་གསོའི་གྲོན་དངུལ་བཀག་ཉར་དང་གཞན་སྤྱོད་བྱས་ནས་བྱས་ཉེས་སུ་གྲུབ་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ།ཉེས་དོན་ཆད་གཅོད་ཀྱི་ཚད་མ་ལོན་ན།ཁྲིམས་ལྟར་སྲིད་འཛིན་ཐད་ཀྱི་ཆད་པ་གཅོད་རྒྱུ།

དོན་ཚན་རེ་གསུམ་པ།     རྩྭ་ཐང་བསྡུ་སྤྱོད་དང་བེད་སྤྱོད་བྱེད་པར་ཆོག་མཆན་འགོད་དབང་མེད་པའི་སྡེ་ཚན་ནམ་མི་སྒེར་གྱིས་རྩྭ་ཐང་བསྡུ་སྤྱོད་དང་བེད་སྤྱོད་བྱ་རྒྱུར་ཁྲིམས་འགལ་གྱིས་ཆོག་མཆན་བཀོད་པ་དང༌།ཆོག་མཆན་འགོད་པའི་དབང་མཚམས་ལས་བརྒལ་ནས་རྩྭ་ཐང་བསྡུ་སྤྱོད་དང་བེད་སྤྱོད་བྱེད་པར་ཁྲིམས་འགལ་གྱིས་ཆོག་མཆན་བཀོད་པའམ་ཡང་ན་བཅའ་ཁྲིམས་སུ་གཏན་ལ་ཕབ་པའི་གོ་རིམ་དང་འགལ་ནས་རྩྭ་ཐང་བསྡུ་སྤྱོད་དང་བེད་སྤྱོད་བྱེད་པར་ཆོག་མཆན་བཀོད་དེ་བྱས་ཉེས་སུ་གྲུབ་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ། ཉེས་དོན་ཆད་གཅོད་ཀྱི་ཚད་མ་ལོན་ན།   ཁྲིམས་ལྟར་སྲིད་འཛིན་ཐད་ཀྱི་ཆད་པ་གཅོད་རྒྱུ།རྩྭ་ཐང་བསྡུ་སྤྱོད་དང་བེད་སྤྱོད་བྱེད་པར་ཁྲིམས་འགལ་གྱིས་ཆོག་མཆན་བཀོད་པའི་ཡིག་ཆ་རྩིས་མེད་དུ་གཏོང་རྒྱུ།རྩྭ་ཐང་བསྡུ་སྤྱོད་དང་བེད་སྤྱོད་བྱ་རྒྱུར་ཁྲིམས་འགལ་གྱིས་ཆོག་མཆན་བཀོད་རིགས་ཚུར་བསྡུ་རྒྱུ་དང༌།དོ་བདག་གིས་ཕྱིར་བསློག་རྒྱུ་ཁས་མི་ལེན་ན།རྩྭ་ཐང་ཁྲིམས་འགལ་གྱིས་བེད་སྤྱོད་བྱེད་པར་བརྩིས་ནས་ཐག་གཅོད་རྒྱུ།རྩྭ་ཐང་བསྡུ་སྤྱོད་དང་བེད་སྤྱོད་བྱ་རྒྱུར་ཁྲིམས་འགལ་གྱིས་ཆོག་མཆན་བཀོད་ནས་དོ་བདག་ལ་གྱོང་གུན་བཟོས་ན།  ཁྲིམས་ལྟར་གུན་གསབ་འཇལ་འགན་འཁུར་རྒྱུ།

དོན་ཚན་རེ་བཞི་པ།    རྩྭ་ཐང་ཉོ་ཚོང་ངམ་ཡང་ན་བྱེད་སྟངས་གཞན་དག་གི་ཐོག་ནས་ཁྲིམས་འགལ་གྱིས་བཤུག་སྤྲོད་བྱས་ནས་བྱས་ཉེས་སུ་གྲུབ་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ།   ཉེས་དོན་ཆད་གཅོད་ཀྱི་ཚད་མ་ལོན་ན།    རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་འགན་དབང་ལ་གཞིགས་ནས་དུས་བཀག་ལྟར་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང༌།ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་དང་ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་ལྔ་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ།

དོན་ཚན་རེ་ལྔ་པ།    ཆོག་མཆན་མ་ཐོབ་པའམ་ཡང་ན་མགོ་སྐོར་གཏོང་ཐབས་སྤྱད་ནས་ཆོག་མཆན་གཡོ་ལེན་བྱས་ཏེ་རྩྭ་ཐང་ཁྲིམས་འགལ་གྱིས་བེད་སྤྱོད་བྱས་ནས་བྱས་ཉེས་སུ་གྲུབ་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ།ཉེས་དོན་ཆད་གཅོད་ཀྱི་ཚད་མ་ལོན་ན།རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་འགན་དབང་ལ་གཞིགས་ནས་དེར་ཁྲིམས་འགལ་གྱིས་བེད་སྤྱོད་བྱས་པའི་རྩྭ་ཐང་ཚུར་བསློག་ཏུ་འཇུག་རྒྱུ་དང༌།   རྩྭ་ཐང་སྲུང་སྐྱོང་དང༌།འཛུགས་སྐྲུན།བེད་སྤྱོད་བཅས་བྱེད་པའི་འཆར་གཞི་དང་འགལ་ནས་རང་དགར་རྩྭ་ཐང་འཛུགས་སྐྲུན་ལ་མཁོ་བའི་ས་ཆར་སྤྱོད་རིགས་ལ་ཁྲིམས་འགལ་གྱིས་བེད་སྤྱོད་བྱས་པའི་རྩྭ་ཐང་ཐོག་གསར་དུ་བསྐྲུན་པའི་རྩིག་བཟོས་དང་སྒྲིག་བཀོད་གཞན་དག་དུས་བཀག་ནང་བཤིག་པ་དང༌།རྩྭ་ཐང་གི་སྤང་ཤུན་བསྐྱར་གསོ་བྱེད་དུ་འཇུག་རྒྱུ་དང་རྩྭ་ཐང་ཁྲིམས་འགལ་གྱིས་བེད་སྤྱོད་མ་བྱས་གོང་གི་ལོ་གསུམ་གྱི་ཆ་སྙོམས་ཐོན་རྫས་རིན་ཐང་གི་ལྡབ་དྲུག་ཡན་ནས་ལྡབ་བཅུ་གཉིས་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ།

དོན་ཚན་རེ་དྲུག་པ།    ཁྲིམས་འགལ་གྱིས་རྩྭ་ཐང་གསར་སྦོལ་བྱས་ནས་བྱས་ཉེས་སུ་གྲུབ་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ།ཉེས་དོན་ཆད་གཅོད་ཀྱི་ཚད་མ་ལོན་ན།རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་འགན་དབང་ལ་གཞིགས་ནས་ཁྲིམས་འགལ་སྤྱོད་ངན་སྤེལ་མཚམས་འཇོག་ཏུ་འཇུག་རྒྱུ་དང་དུས་བཀག་ལྟར་སྤང་ཤུན་བསྐྱར་གསོ་བྱེད་དུ་འཇུག་རྒྱུ་དང༌།ཁྲིམས་འགལ་གྱི་རྒྱུ་ནོར་དང་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་དང་ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་ལྔ་མན་གྱི་དངུལ་ཆད་ཆབས་སྦགས་སུ་གཅོད་རྒྱུ། ཁྲིམས་འགལ་གྱི་ཐོབ་ཆ་མེད་ན།   སྒོར་ལྔ་ཁྲི་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ།     རྩྭ་ཐང་དབང་མཁན་ནམ་ཡང་ན་སྤྱོད་མཁན་ལ་གྱོང་གུན་བཟོས་ཡོད་ན།ཁྲིམས་ལྟར་གུན་གསབ་འཇལ་འགན་འཁུར་རྒྱུ།

དོན་ཚན་རེ་བདུན་པ།    མྱ་ངམ་ཐང་དང་བྱེ་ས་ཕྱེད་ཙམ་གྱི་ས་ཁུལ་དང༌།   སྐྱེ་ནུས་ཉམས་པ་དང༌།   བྱེ་ས།བ་ཚྭ།བྱེ་རྡོ་བཅས་སུ་འགྱུར་ཚབས་ཆེ་བ།ས་ཆུ་ཚབས་ཆེན་ཤོར་བ་བཅས་ཀྱི་རྩྭ་ཐང་དང་དེ་བཞིན་སྐྱེ་ཁམས་ཞན་ཁུལ་གྱི་རྩྭ་ཐང་ཐོག་རྩི་ཤིང་གཅོད་འཐུའམ་ཡང་ན་རྩྭ་ཐང་གི་སྤང་ཤུན་གཏོར་བརླག་གཏོང་བའི་བྱེད་སྒོ་གཞན་དག་སྤེལ་རིགས་ལ།རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་འགན་དབང་ལ་གཞིགས་ནས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཚམས་འཇོག་ཏུ་འཇུག་རྒྱུ་དང༌།ཁྲིམས་འགལ་གྱི་རྒྱུ་ནོར་དང་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་དང༌།ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་ལྔ་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོགཁྲིམས་འགལ་གྱི་ཐོབ་ཆ་མེད་ན།སྒོར་ལྔ་ཁྲི་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོགརྩྭ་ཐང་དབང་མཁན་ནམ་སྤྱོད་མཁན་ལ་གྱོང་གུན་བཟོས་ན།ཁྲིམས་ལྟར་གུན་གསབ་འཇལ་འགན་འཁུར་རྒྱུ།

དོན་ཚན་རེ་བརྒྱད་པ།  ཆོག་མཆན་མ་ཐོབ་ཀྱང་རྩྭ་སའི་ཐོག་ས་ལེན་དང༌།  བྱེ་ལེན།རྡོ་སྔོག་སོགས་ཀྱི་ལས་སྒོ་སྤེལ་བའམ་ཡང་ན་གཏན་འབེབས་བྱས་པའི་དུས་ཚོད་དང༌།   ས་ཁོངས།   རྐོ་འདྲུ་བྱེད་སྟངས་ལྟར་མི་བྱེད་པའི་རིགས་ལ།རྫོང་རིམ་པའི་མི་དམངས་སྲིད་གཞུང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཚམས་འཇོག་ཏུ་འཇུག་རྒྱུ་དང་དུས་བཅད་ནང་སྤང་ཤུན་བསྐྱར་གསོ་བྱེད་དུ་འཇུག་རྒྱུ་དང༌།  ཁྲིམས་འགལ་གྱི་རྒྱུ་ནོར་དང་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་དང༌།  ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་གཉིས་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག     ཁྲིམས་འགལ་གྱི་ཐོབ་ཆ་མེད་ན།སྒོར་ཉིས་ཁྲི་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོགརྩྭ་ཐང་དབང་མཁན་ནམ་སྤྱོད་མཁན་ལ་གྱོང་གུན་བཟོས་ན། ཁྲིམས་ལྟར་གུན་གསབ་འཇལ་འགན་འཁུར་རྒྱུ།

དོན་ཚན་རེ་དགུ་པ།    བཅའ་ཁྲིམས་འདིར་གསལ་དོན་ཚན་ང་གཉིས་པའི་གཏན་འབེབས་དང་འགལ་ནས་རྩྭ་ཐང་ཐོག་བདག་གཉེར་རང་བཞིན་ལྡན་པའི་ཡུལ་སྐོར་བྱེད་སྒོ་རང་དགར་སྤེལ་ནས་རྩྭ་ཐང་གི་སྤང་ཤུན་གཏོར་བརླག་བཏང་ན།རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་འགན་དབང་ལ་གཞིགས་ནས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཚམས་འཇོག་ཏུ་འཇུག་རྒྱུ་དང་དུས་བཀག་ལྟར་སྤང་ཤུན་བསྐྱར་གསོ་བྱེད་དུ་འཇུག་རྒྱུ་དང༌།ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་དང་ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་གཉིས་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོགཁྲིམས་འགལ་གྱི་ཐོབ་ཆ་མེད་ན།རྩྭ་ཐང་གཏོར་སྐྱོན་མ་ཕོག་གོང་གི་ལོ་གསུམ་གྱི་ཆ་སྙོམས་ཐོན་རྫས་རིན་ཐང་གི་ལྡབ་དྲུག་ཡན་ནས་ལྡབ་བཅུ་གཉིས་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོགརྩྭ་ཐང་དབང་མཁན་ནམ་སྤྱོད་མཁན་ལ་གྱོང་གུན་བཟོས་ན།ཁྲིམས་ལྟར་གུན་གསབ་འཇལ་འགན་འཁུར་རྒྱུ།

དོན་ཚན་བདུན་ཅུ་པ།    ཉེན་སྐྱོབ་གནོད་སེལ་དང་འབྲོག་པ་རུ་སྤོ་བའི་འཕྲུལ་སྒུལ་འཁོར་ལོ་བགྲོད་ལམ་དང་བྲལ་ནས་རྩྭ་ཐང་ཐོག་བགྲོད་པའམ་ཡང་ན་ས་གཤིས་རྩད་གཅོད་དང་ཚན་རིག་རྟོག་ཞིབ་ལ་སོགས་པའི་བྱེད་སྒོ་སྤེལ་བར་ངེས་གཏན་བྱས་པའི་འགྲོ་སྐྱོད་བྱེད་ཁུལ་དང་འགྲོ་སྐྱོད་ལམ་ཐིག་བཞིན་རྩྭ་ཐང་ཐོག་མ་སྐྱོད་པར་རྩྭ་ཐང་གི་སྤང་ཤུན་གཏོར་སྐྱོན་བཏང་ན།    རྫོང་རིམ་པའི་མི་དམངས་སྲིད་གཞུང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཁྲིམས་འགལ་སྤྱོད་ངན་སྤེལ་མཚམས་འཇོག་ཏུ་འཇུག་རྒྱུ་དང་དུས་བཀག་ལྟར་སྤང་ཤུན་བསྐྱར་གསོ་བྱེད་དུ་འཇུག་རྒྱུ་དང༌།རྩྭ་ཐང་གཏོར་བརླག་མ་ཕོག་གོང་གི་ལོ་གསུམ་གྱི་ཆ་སྙོམས་ཐོན་རྫས་རིན་ཐང་གི་ལྡབ་གསུམ་ཡན་ནས་ལྡབ་དགུ་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོགརྩྭ་ཐང་དབང་མཁན་ནམ་ཡང་ན་སྤྱོད་མཁན་ལ་གྱོང་གུན་བཟོས་ན།ཁྲིམས་ལྟར་གུན་གསབ་འཇལ་འགན་འཁུར་རྒྱུ། 

དོན་ཚན་དོན་གཅིག་པ།    གནས་སྐབས་བཟུང་སྤྱོད་བྱས་པའི་རྩྭ་ཐང་ཐོག་གཏན་ཚུགས་རྩིག་བཟོས་དང་བཟོ་སྐྲུན་དངོས་པོ་བསྐྲུན་ན།    རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་འགན་དབང་ལ་གཞིགས་ནས་དུས་བཀག་ལྟར་བཤིག་ཏུ་འཇུག་རྒྱུ་དང༌།    དུས་ཚད་འཐིམས་ཀྱང་མ་བཤིག་ན།     ཁྲིམས་ལྟར་བཙན་ཤེད་ཀྱིས་བཤིག་ཏུ་འཇུག་རྒྱུ་དང༌དེར་མཁོ་བའི་འགྲོ་གྲོན་ནི་ཁྲིམས་འགལ་པ་རང་གིས་སྤྲོད་རྒྱུ།རྩྭ་ཐང་གནས་སྐབས་བཟུང་སྤྱོད་བྱས་པ་དང༌།བཟུང་སྤྱོད་ཀྱི་དུས་ཚད་འཐིམས་རུང་ས་ཆ་སྤྱོད་མཁན་སྡེ་ཚན་གྱིས་རྩྭ་ཐང་གི་སྤང་ཤུན་བསྐྱར་གསོ་མ་བྱས་ན།རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་འགན་དབང་ལ་གཞིགས་ནས་དུས་བཀག་ལྟར་བསྐྱར་གསོ་བྱེད་དུ་འཇུག་རྒྱུ་དང༌།    དུས་བཅད་ལས་ཡོལ་རུང་བསྐྱར་གསོ་མ་བྱས་ན།རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཚབ་བྱས་ནས་བསྐྱར་གསོ་བྱ་རྒྱུ་དང༌།དེར་མཁོ་བའི་འགྲོ་གྲོན་ནི་ཁྲིམས་འགལ་པ་རང་གིས་སྤྲོད་རྒྱུ།

དོན་ཚན་དོན་གཉིས་པ།   ཆོག་མཆན་མ་ཐོབ་པར་རྩྭ་ཐང་སྲུང་སྐྱོང་དང༌།འཛུགས་སྐྲུན།བེད་སྤྱོད་བཅས་བྱ་རྒྱུའི་སྐོར་གྱི་འཆར་གཞི་རང་དགར་བསྒྱུར་བ་ཡིན་ན།རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་དུས་བཀག་ལྟར་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང༌།   འགན་ཐད་ཀར་འཁུར་མཁན་གཙོ་སྐྱོང་མི་སྣ་དང་ཁག་འགན་དངོས་སུ་འཁུར་དགོས་མཁན་གཞན་དག་ལ་ཁྲིམས་ལྟར་སྲིད་འཛིན་ཐད་ཀྱི་ཆད་པ་གཅོད་རྒྱུ།

དོན་ཚན་དོན་གསུམ་པ།   བཅའ་ཁྲིམས་འདིར་གསལ་རྩྭ་ཕྱུགས་དོ་མཉམ་ལམ་ལུགས་སྐོར་གྱི་གཏན་འབེབས་དང་འགལ་ནས་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་ཁོངས་ཀྱི་རྩྭ་ཐང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཞིབ་བཤེར་གཏན་འབེབས་བྱས་པའི་རྩྭ་ཐང་དུ་ཕྱུགས་ཟོག་ཤོང་ཚད་ཀྱི་ཚད་གཞི་ལས་བརྒལ་ཏེ་འཚོ་བར་ཡོ་བསྲང་བྱེད་དུ་འཇུག་པའམ་ཡང་ན་ཆད་པ་གཅོད་ཐབས་ནི་ཞིང་ཆེན་དང༌།རང་སྐྱོང་ལྗོངས།ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་ནམ་ཡང་ན་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཏན་འབེབས་བྱ་རྒྱུ།

ལེའུ་དགུ་པ། ཞར་བྱུང་དོན་ཚན།

དོན་ཚན་དོན་བཞི་པ།    བཅའ་ཁྲིམས་འདིར་གསལ་དོན་ཚན་གཉིས་པའི་ནང་གསེས་དོན་ཚན་གཉིས་པའི་ནང་བརྗོད་པའི་རང་བྱུང་རྩྭ་ཐང་གི་ཁོངས་སུ་རྩྭ་ར་དང༌།སྤང་རི།སྤང་ལྡེབས་བཅས་ཚུད་པ་དང༌།མིས་བཟོས་རྩྭ་རའི་ཁོངས་སུ་ལེགས་བཅོས་བྱས་པའི་རྩྭ་ར་དང་ཞིང་འདོར་རྩྭ་གསོའི་ས་ཆ་ཚུད་ཡོད།གྲོང་ཁྱེར་དང་གྲོང་རྡལ་གྱི་ན་ཁ་དེའི་ནང་ཚུད་མེད།

དོན་ཚན་དོན་ལྔ་པ།    བཅའ་ཁྲིམས་འདི་2003ལོའི་ཟླ3ཚེས1ཉིན་ནས་ལག་ལེན་དུ་བསྟར་རྒྱུ།

ཁྱེད་ཀྱིས་རྩོམ་ཡིག་འདི་མཐོང་བའི་མྱོང་ཚོར་ནི།

མིཡིས་དྲན་ཚུལ་བཏོན་ཡོད།

མིནང་དུ་ཞུགས་ཡོད་པ།དཔྱད་གླེང་ཚང་མར་ལྟ་བ།