{མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།}                                                                                         
དེ་རིང་ནི
མདུན་ངོས། དབུ་ཤོག > དྲིལ་སྒྲོག་རྒྱུ་ཆ། > ནང་དོན་གྱི་ངོས།

དཀར་ནག་བདེན་བརྫུན་གྱི་དབྱེ་བ་གསལ་བོར་འབྱེད་ཤེས་དགོས།

དུས་ཚོད།2012--05--31--འབྱུང་ཁུངས།བོད་ཡིག་པར་ངོས།རྕོམ་པ་པོ།བོད་ཡིག་པར་ངོས།གཏགཐེངས།
བོད་ཡིག་པར་ངོས།
 

ད་ལོའི་ཚུན་ལ། རང་ཞིང་གི་བོད་ཁུལ་ཁ་ཤས་སུ། རང་བསྲེགས་གཏོང་བའི་དོན་རྐྱེན་བསྟུད་མར་བྱུང་བས། རང་སྲོག་ལ་གནོད་པ་གཏོང་བ་མཐོང་ན། སྙིང་རྗེ་ལྡན་པའི་མི་སུ་ཡིན་རུང་སེམས་སུ་སྐྲག་སྣང་དང་སྡུག་བསྔལ་ཕངས་སེམས་ཀྱིས་ཁེངས། དོན་རྐྱེན་དེའི་བོད་བརྒྱུད་ནང་བསྟན་གྱི་རང་སྲོག་དང་གཞན་སྲོག་གཅོད་མི་རུང་བའི་དགོངས་པ་དང་འགལ་བ་མ་ཟད། དེང་རབས་སྤྱི་ཚོགས་སུ་ཚེ་སྲོག་ལ་བརྩི་འཇོག་དང་གཅེས་འཛིན་བྱེད་པའི་འདུ་ཤེས་ལའང་འགལ་བས། ནོར་འཁྲུལ་དང་རྨོངས་ལས་ཁོ་ན་རེད། ཡིན་ན་ཡང་། འདི་ལྟ་བུའི་ནོར་འཁྲུལ་གྱི་བྱ་སྤྱོད་ལ་དམིགས་ཡུལ་གཞན་པ་ཡོད་པའི་མི་ལ་ལས་སྐུལ་སློང་དང་དད་གུས་བྱས། རྒྱལ་ཁབ་གཞན་དུ་ཡོད་པའི་མི་སྐོར་ཞིག་གིས་རང་བསྲེགས་གཏོང་མཁན་དག་མི་རིགས་ཀྱི་དཔའ་བོར་བརྩིས། འདིས་ནི་བོད་བརྒྱུད་ནང་བསྟན་དེ་ཆོས་ལུགས་ཐལ་དྲགས་རིང་ལུགས་ཀྱི་ཉེན་ཁའི་གནས་སུ་འདྲེན་ངེས་རེད། རྒྱལ་ཁབ་དང་ས་ཁུལ་གང་ཞིག་ཡིན་ཡང་། ཐལ་དྲགས་པའི་ཆོས་ལུགས་པ་ལ་ལས་དད་ལྡན་མང་ཚོགས་ལ། རང་སྲེགས་གཏོང་བར་སྐུལ་སློང་བྱེད་པ་སོགས་ཐལ་དྲགས་པའི་བྱེད་སྟངས་དང་ཡང་ན། དྲག་ཤུགས་བྱ་སྦྱོད་སྤེལ་དུ་བཅུག་ནས་རྒྱལ་ཁབ་ལ་རྒྱབ་འགལ་དང་སྤྱི་ཚོགས་ངན་ཕྱོགས་སུ་འདྲེན་པ། ཚེ་སྲོག་ལ་གནོད་སྐྱོན་བཟོ་བའི་བྱ་སྤྱོད་ཚང་མ་ལོག་ཆོས་དང་ཡང་ན། འཇིགས་སྐུལ་བྱ་སྤྱོད་དུ་བརྩིས་ཏེ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཀྱིས་རྡུང་རྡེག་བྱ་ཡུལ་ཡིན་པས། ལང་ཤོར་དང་རྒྱ་ཡན་དུ་གཏན་ནས་གཏོང་མི་རུང་།

བོད་རིགས་ནི་ཡུན་རིང་བའི་ལོ་རྒྱུས་ལྡན་པ་དང་། འོད་སྟོང་འབར་བའི་རིག་གནས་ཡོད་པའི་མི་རིགས་ཤིག་ཡིན་པས། ཞི་བདེ་ལ་དགའ་ཞིང་འཆམ་མཐུན་ལ་མོས་པའི་མི་རིགས་ཀྱི་གཤིས་ཀ་ཡོད་ལ། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་མོའི་ཁག་ཅིག་ཡིན། མཚོ་སྔོན་བོད་ཁུལ་ནི་ང་ཚོའི་རླབས་ཆེན་མེས་རྒྱལ་གྱི་གྲུབ་ཆ་གཙོ་བོའི་ཁག་ཅིག་ཡིན། ཏང་དང་རྒྱལ་ཁབ་ཀྱིས་གནའ་ནས་བཟུང་མཚོ་སྔོན་བོད་ཁུལ་ལ་མཐོན་ཆེན་བྱས་ཏེ་མཚོ་སྔོན་རིགས་སོ་སོའི་མི་དམངས་ལ་དོ་ཁུར་གང་ལེགས་བྱས། ཉེ་བའི་ལོ་འགའི་རིང་ལ། ཀྲུང་དབྱང་གིས་སྔ་གཞུག་ཏུ་«ཟི་ཁྲོན་དང་ཡུན་ནན། ཀན་སུའུ། མཚོ་སྔོན་ཞིང་ཆེན་བཅས་ཀྱི་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་གང་མགྱོགས་ཀྱིས་དར་རྒྱས་གཏང་བའི་ཐད་ཀྱི་བསམ་འཆར།»དང་། «མཚོ་སྔོན་སོགས་ཞིང་ཆེན་གྱི་བོད་ཁུལ་དཔལ་འབྱོར་སྤྱི་ཚོགས་གོང་དུ་སྤེལ་བར་རྒྱབ་སྐྱོར་བྱེད་པའི་ཐད་ཀྱི་བསམ་འཆར་འགའ»སོགས་ཡིག་ཆ་རབ་དང་རིམ་པ་སྤེལ་ཏེ་མཚོ་སྔོན་བོད་ཁུལ་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། ཁྱད་ཆོས་ལྡན་པའི་ཐོན་ལས་འཛུགས་སྐྲུན་དང་དམངས་འཚོ་ལེགས་བཅོས་སོགས་ཕྱོགས་སུ་བསྟུད་མར་ནུས་ཤུགས་གང་ཡོད་བཏོན། ཡུས་ཧྲུའུ་གནོད་འགོག་རྒུད་སྐྱོབ་དང་གནོད་ཤུལ་བསྐྱར་འཛུགས་ཁྲོད་དམིགས་བསལ་གྱིས་རྒྱབ་སྐྱོར་དང་རོགས་རམ་བྱས། རྒྱལ་ཁབ་ཀྱི་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་པར་བརྟེན། མཚོ་སྔོན་བོད་ཁུལ་ལོ་རྒྱུས་སྟེང་འཕེལ་ཚུལ་ཆེས་མགྱོགས་ཤིང་སྤུས་ཀ་ཆེས་བཟང་བ། ཞིང་གྲོང་གི་རྣམ་པ་འགྱུར་ལྡོག་ཆེས་ཆེ་བ། མི་དམངས་མང་ཚོགས་ལ་དངོས་ཕན་ཆེས་མང་བའི་དུས་སྐབས་སུ་སླེབས་བྱུང་། ཡིན་ན་ཡང་། རྒྱལ་ཁབ་ཀྱིས་བོད་ཁུལ་ལ་ཐུགས་ཁུར་རྒྱབ་སྐྱོར་དང་བོད་ཁུལ་ལ་མིག་མཐོང་ལག་ཟིན་གྱི་འཕེལ་རྒྱས་བྱུང་བའི་གྲུབ་འབྲས་དེ་མི་ལ་ལས་ནམ་ཡིན་ཡང་མི་མཐོང་ལ། རང་བསྲེགས་སོགས་ཐད་དྲགས་བྱ་སྤྱོད་དང་གཏན་འཇགས་མིན་པའི་དོན་རྐྱེན་བྱུང་སྐབས་ནམ་ཡིན་ཡང་མི་རིགས་འདྲ་མཉམ་དང་། སྐད་ཡིག་རང་མོས། རིག་གནས་སྲུང་སྐྱོབ་སོགས་ཀྱི་ཀུ་ཅོ་བསྒྲགས། སྐད་ཅོ་འདི་དག་ལ་བསླུ་བྲིད་རང་བཞིན་དང་ངན་སྐུལ་རང་བཞིན། མགོ་སྐོར་རང་བཞིན་ལྡན་པས་ཐོས་མ་ཐག་ལུགས་མཐུན་དུ་སྣང་ནའང་དོན་དངོས་སུ། དཀར་ནག་གི་དབྱེ་བ་མི་འབྱེད་ཅིང་དོན་དངོས་དང་འགལ་འདུག

དང་པོ། བོད་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འདྲ་མཉམ་གྱིས་སྲུང་སྐྱོབ་ཐོབ་པ་མ་ཟད་སྔར་ལས་ལྷག་པའི་འཕེལ་རྒྱས་བྱུང་། རང་རྒྱལ་གྱི་མི་རིགས་ཆེ་ཆུང་གང་ཡིན་རུང་ཆབ་སྲིད་དང་དཔལ་འབྱོར་། རིག་གནས་དང་སྤྱི་ཚོགས་ཐད་ཚང་མར་འདྲ་མཉམ་གྱི་ཁེ་དབང་ཡོད། བོད་མི་རིགས་ཀྱི་འཕེལ་རྒྱས་ཐད་བལྟས་ན། ཁེ་དབང་དེ་དག་འདྲ་མཉམ་གྱི་ལོངས་སུ་སྤྱད་པ་མ་ཟད། ཕྱོགས་ལ་ལས་ཐད་ནས་ད་དུང་རྒྱལ་ཁབ་ཀྱི་དམིགས་བསལ་རོགས་སྐྱོར་ཐོབ། གཅིག་ནས་ཆབ་སྲིད་སྟེང་ནས་འདྲ་མཉམ་ཡིན་ཏེ། བོད་མི་རིགས་ཀྱིས་མི་རིགས་སོ་སོའི་མི་དམངས་དང་འདྲ་བར། རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་ཁེ་དབང་ཡོད་ཚད་ལོངས་སུ་སྤྱོད་པ་དང་། རྒྱལ་ཁབ་ཀྱི་ལས་དོན་དོ་དམ་དང་ཁྲིམས་ལྟར་རང་རེའི་ས་ཁུལ་ལ་དོ་དམ་བྱེད་པ། རང་མི་རིགས་ཀྱི་ལས་དོན་ལ་ཞུགས་པར་འདྲ་མཉམ་གྱི་ཆབ་སྲིད་ཁེ་དབང་ཡོད། བོད་རིགས་ལས་བྱེད་པ་ནི་ཐོག་མཐའ་བར་གསུམ་དུ་བོད་ཁུལ་ལས་བྱེད་པའི་དཔུང་སྡེའི་གྲུབ་ཆ་གཙོ་བོ་ཡིན། རང་ཞིང་གི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ལས་གཞན་པའི་བོད་རིགས་རང་སྐྱོང་ཁུལ་ལྔ་ཡི2000ལོའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པའི་བསྡུར་ཚད་ནི་བརྒྱ་ཆའི་རེ་གསུམ་དང་གྲངས་ཆུང་བདུན་ལྔ་ཟིན། 2010ལོར། བརྒྱ་ཆའི་རེ་དྲུག་དང་གྲངས་ཆུང་ཐིག་གཅིག་ལ་འཕར། དེའི་ཁྲོད་མང་ཆེ་ཤོས་ནི་བོད་རིགས་རེད། བོད་རིགས་རང་སྐྱོང་ཁུལ་ལྔ་ཡི་ཏང་ཨུ་སྲིད་གཞུང་གི་འགོ་ཁྲིད་ལས་བྱེད་པ་གཙོ་བོ་བཅུ་ཡི་ཁྲོད་དུ། བདུན་ནི་བོད་རིགས་རེད། གཉིས་ནི་སྲིད་ཇུས་ཐད་གཟིགས་སྐྱོང་གནང་བ་སྟེ། ཏང་དང་རྒྱལ་ཁབ་ཀྱིས་སྔ་གཞུག་ཏུ། སྲིད་ཇུས་རབ་དང་རིམ་པ་བཏོན་ནས་བོད་ཁུལ་མཐོ་བརྒལ་རང་བཞིན་གྱི་འཕེལ་རྒྱས་དང་དུས་བདེ་གཏན་འཇགས་ལ་སྲུང་སྐྱོང་བྱེད་པའི་ཐད་རྒྱབ་སྐྱོར་བྱས། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་འཕེལ་རྒྱས་ཆེ་བའི་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་ཀྱིས་མཚོ་སྔོན་བོད་ཁུལ་ལ་རོགས་སྐྱོར་བྱེད་པ་མངོན་གསལ་གྱིས་གཏན་འཁེལ་བྱས། ཡུས་ཧྲུའུ་ས་འགུལ་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་སླར་གསོའི་ཁྲོད། རྒྱལ་ཁབ་ཀྱིས་བསྐྱར་འཛུགས་མ་དངུལ་ཐེར་ཆེན་གསུམ་དང་ཐེར་འབུམ་གཅིག་དུང་ཕྱུར་དྲུག་བྱེ་བ་ལྔ་བཏང་བ་མ་ཟད། ནོར་སྲིད་དང་ཁྲལ་བསྡུ།དངུལ་རྩ། ས་ཁོངས། རོགས་སྐྲུན་སོགས་ཕྱོགས་སུ་གཟིགས་སྐྱོང་རོགས་སྐྱོར་སྲིད་ཇུས་གང་མང་བཏོན། གནོད་ཁུལ་གྱི་ཞིང་གྲོང་སྡོད་དམངས་ཀྱི་སྡོད་ཁང་བསྐྱར་འཛུགས། ཁྱིམ་ཚང་རེར་ཆ་སྙོམས་ཀྱིས་མ་དངུལ་འབུམ་གཉིས་ཡས་མས་ཁ་གསབ་བྱས་པས་གནོད་ཐེབས་ས་ཁུལ་གཞན་ལས་ཤིན་ཏུ་མཐོ། བོད་རིགས་འདུས་པའི་མི་རིགས་གྲངས་ཉུང་གིས་འཆར་ལྡན་བུ་སྐྱེ་དང་ལས་ཐོབ། སློབ་གྲྭ་འགྲིམ་པ་སོགས་ཕྱོགས་སུ་རྒྱལ་ཁབ་ཀྱི་དམིགས་བསལ་སྲིད་ཇུས་ལོངས་སུ་སྤྱོད་བཞིན་ཡོད། ལོ་འདི་དག་གི་རིང་ལ། བོད་ཁུལ་སློབ་གསོའི་ནོར་སྲིད་ཆེད་དམིགས་ཐད་བཏང་བའི་མ་དངུལ་ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་ཉི་ཤུ་ཡན་འཕར། ལོ་དགུའི་འོས་འགན་སློབ་གསོའི་རྨང་གཞིའི་སྟེང་གཅིག་ཁར་དགུ་སྣོན་པ། དེའི་ཁར་གསུམ་སྣོན་པའི་རིན་མི་ལེན་པའི་སློབ་གསོ་ལག་བསྟར་བྱས། རྨང་གཞི་གཉིས་ཀྱི་གནད་འགག་དམིགས་འབེན་ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་། མང་ཚོགས་ཀྱི་རིག་གནས་སྤུས་ཀ་མངོན་གསལ་གྱིས་ཇེ་ལེགས་སུ་སོང་། བོད་ཁུལ་དུ་རོང་འབྲོག་ཁུལ་ཀྱི་གསར་དར་སྨན་བཅོས་དང་རྒན་གསོ་མ་དངུལ་སོགས་ལམ་ལུགས་ཁྱབ་གདལ་བྱས་ཏེ་ནད་བྱུང་ན་སྟོན་ས་ཡོད་པ་དང་། རྒས་ན་སྙོར་མཁན་ཡོད་པའི་སྤྱི་ཚོགས་བདེ་འཇགས་ཁག་ཐེག་དྲ་བ་བཙུགས། ༢༠༠༩ལོ་ནས་བཟུང་། རྒྱལ་ཁབ་ཀྱིས་ལོ་ལྔའི་རིང་ལ་མ་དངུལ་སྒོར་ཐེར་འབུམ་དྲུག་བཏང་ནས་མཚེར་འཛིན་འབྲོག་པའི་གཏན་སྡོད་བཟོ་སྐྲུན་ལས་གཞི་སྒྲུབ། ཞིང་ཆེན་ཡོངས་ནས་གཏན་སྡོད་བྱས་མེད་པའི་འབྲོག་ཁྱིམ་འབུམ་གཅིག་ཁྲི་གསུམ་གྲངས་ཆུང་བཞི་གསུམ་དང་འབྲོག་པ་མང་ཚོགས་འབུམ་ལྔ་ཁྲི་དྲུག་གི་ཡུལ་ངེས་གཏན་མེད་པའི་མཚེར་འཛིན་འཚོ་བའི་རྣམ་པ་བསྒྱུར། གསུམ་པ་ནི་དཔལ་འབྱོར་ཐད་ནས་དམིགས་གསལ་བཏང་བ། རྒྱལ་ཁབ་ནོར་སྲིད་ཀྱིས་མཚོ་སྔོན་ཕྱོགས་ལ་མ་དངུལ་རོགས་སྐྱོར་བྱེད་པར་ཤུགས་བསྣན་ནས། ཁུལ་དང་རྫོང་རིམ་པའི་ལས་གཞི་འཛུགས་སྐྲུན་གྱི་མ་དངུལ་ཆ་ཚང་མེད་པར་བཟོས། བོད་ཁུལ་ནོར་སྲིད་འགྲོ་གྲོན་གྱི་བརྒྱ་ཆའི་དགུ་བཅུ་ནི་ཀྲུང་དབྱང་དང་ཞིང་ཆེན་རིམ་པ་ནས་བཏང་བའི་མ་དངུལ་རེད། འཆར་གཞི་ལྟར་ཆུ་བེད་དང་གློག་ཤུགས། ནུས་ཁུངས། འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་ཆས་ཀྱི་ལས་གཞི་སྐོར་ཞིག་འཛུགས་སྐྲུན་བྱས། བོད་ཁུལ་དུ་ཕལ་ཆེར་རྫོང་དང་ཞིང་སྡེའི་བར་ལ་སྣུམ་ལམ་བཟོས་ཡོད། སྡེ་བ་རེ་རེར་སྤྱི་ལམ་དང་སྲིད་འཛིན་སྡེ་བར་ཆུ་དང་གློག་འཐེན་པ་མ་ཟད། འཕྲིན་གཏོང་བརྡ་རྟགས་ཡོད། ནུས་ཁུངས་གསར་བ་དང་རྒྱུ་ཆ་གསར་བ་སོགས་ཐོན་ལས་འདོན་སྤེལ་བྱེད་པའི་ཕྱོགས་ལ་ཤུགས་སྣོན་བྱས། དེང་རབས་སྐྱེ་ཁམས་ཕྱུགས་ལས་ཁྱབ་གདལ་དང་། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ལས་རིགས་དར་སྤེལ་བྱས་པས། བོད་ཁུལ་གྱི་རང་ཉིད་འཕེལ་ཤུགས་མངོན་གསལ་སྒོས་འཕེལ་རྒྱས་བྱུང་། ༢༠༡༡ལོར། མཚོ་སྔོན་བོད་ཁུལ་གྱི་ཁུལ་དྲུག་གི་ཐོན་སྐྱེད་ཀྱི་སྤྱིའི་ཚད་གཞི་བརྒྱ་ཆའི་བཅུ་བདུན་དང་གྲངས་ཆུང་གསུམ་འཕར་ཞིང་། དེ་ཞིང་ཆེན་ཡོངས་ཀྱི་བརྒྱ་ཆའི་བཅུ་གསུམ་དང་གྲངས་ཆུང་ལྔ་ཡི་ཆ་སྙོམས་ཀྱི་འཕར་ཚད་ལས་མཐོ། ས་གནས་ནོར་སྲིད་ཀྱི་ཡོང་འབབ་བརྒྱ་ཆའི་ཉི་ཤུ་དང་གྲངས་ཆུང་བདུན་འཕར། རོང་འབྲོག་མང་ཚོགས་ཀྱི་མི་རེའི་ཡོང་འབབ་རྐྱང་བ་དང་གྲོང་ཁྱེར་དང་གྲོང་རྡལ་སྡོད་དམངས་ཀྱི་མི་རེའི་ཡོངས་འབབ་གཉིས་སོ་སོར་བརྒྱ་ཆའི་བཅུ་དང་གྲངས་ཆུང་ལྔ། བརྒྱ་ཆའི་བཅུ་གཉིས་དང་གྲངས་ཆུང་གཉིས་ཙམ་འཕར།

གཉིས་པ། བོད་སྐད་ཡིག་གི་སློབ་སྦྱོང་དང་བཀོལ་སྤྱོད། འཕེལ་རྒྱས་ལ་བརྩི་མཐོང་ཆེན་པོ་བྱས། ཏང་དང་རྒྱལ་ཁབ་ཀྱི་གནའ་ནས་ད་ལྟའི་བར་དུ་མི་རིགས་ཀྱི་སྐད་རིགས་དང་ཡི་གེ་བྱ་བར་མཐོང་ཆེན་བྱས་ཏེ། རིགས་སོ་སོའི་མི་རིགས་ཀྱི་རང་གི་སྐད་རིགས་དང་ཡི་གེ་བཀོལ་སྤྱོད་བྱེད་པའི་རང་དབང་ལ་ཁག་ཐེག་བྱས་སོང་། བོད་ཁུལ་གྱི་མི་རིགས་སློབ་གྲྭ་ནས་བོད་རྒྱ་སྐད་ཡིག་གཉིས་ཟུང་འབྲེལ་བྱས་ནས་སློབ་ཁྲིད་བྱེད་པ་ལག་བསྟན་བྱས་ཏེ། མཐོ་རྒྱུགས་ཁྲོད་དུ་བོད་ཡིག་རྒྱུགས་སྤྲོད་པའི་སྡེ་ཚན་ནང་དུ་བཀོལ་པ་མ་ཟད། སྐར་གྲངས་དེ་ཡང་སྤྱིའི་སྐར་གྲངས་ནང་དུ་འདུས་པ་རེད། སློབ་ལོ་མ་རན་པ་ནས་སློབ་ཆེན་བར་དུ་བོད་ཀྱི་སྐད་ཡིག་དང་རྒྱའི་སྐད་ཡིག་གཉིས་ཟུང་འབྲེལ་བྱེད་པའི་སློབ་གསོའི་མ་ལག་ཆགས། བོད་རང་སྐྱོང་ས་ཁུལ་གྱི་ཡིག་ཆ་གཙོ་བོ་བོད་རྒྱ་ཡིག་རིགས་གཉིས་བཀོད་ནས་ཁྱབ་སྤེལ་བྱེད་བཞིན་ཡོད། མི་དམངས་འཐུས་མིའི་ཚོགས་ཆེན་སོགས་གྲོས་ཚོགས་གལ་ཆེན་སྟེང་དུ་ཁྲིམས་ལྟར་དུས་མཉམ་ཏུ་བོད་རྒྱ་སྐད་ཡིག་བཀོལ་སྤྱོད་བྱས། བོད་རིགས་དོ་བདག་པ་ཡིས་བོད་ཀྱི་སྐད་ཡིག་བཀོལ་ནས་གཏུག་བཤེར་བྱས་ཆོག བོད་རང་སྐྱོང་ས་ཁུལ་གྱི་དཔང་ཡིག རྟགས་མཚན་དང་སྤྱི་སྤྱོད་ས་ཚིགས་ཀྱི་བཟོ་སྐྲུན་མཚོན་རྟགས། སྲང་ལམ། འགྲིམ་འགྲུལ་བརྡ་རྟགས་སོགས་ལ་བོད་རྒྱ་གཉིས་ཀྱི་ཡིག་རིགས་བཀོད། ཀྲུང་གོ་གསར་བ་དབུ་བརྙེས་པ་ནས་བཟུང་། བོད་ཡིག་གི་དུས་དེབ། དཔེ་དེབ་དང་རྒྱང་སྒྲོག་བརྙན་འཕྲིན་བྱ་བ་མགྱོགས་མྱུར་སྒོས་འཕེལ་རྒྱས་བྱུང་། ཉེ་བའི་ལོ་འགའི་ནང་དུ་བོད་སྐད་ཀྱི་བརྙན་ལམ་བཙུགས་པ་དང་། བོད་ཡིག་དྲ་བའི་ནང་དུ་རྒྱལ་སྤྱིའི་ཚད་གཞི་ལྟར་བོད་ཡིག་ཨང་ཀི་སྒྲིག་པ་དེས་བོད་ཡིག་དེང་རབས་བརྡ་འཕྲིན་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་བསྟུན་ཐུབ་པ་བྱུང་། ༢༠༡༠ལོའི་ཟླ༩བར། ཞིང་ཆེན་སློབ་གསོའི་ཚོགས་ཆེན་སྟེང་དུ། སྐད་གཉིས་སློབ་གསོའི་ཕྱོགས་ལ་བཅོས་བསྒྱུར་དང་ཤུགས་སྣོན་བྱེད་དགོས་པའི་དགོངས་པ་བཏོན། དེའི་བཞེད་དོན་གཙོ་བོ་ནི་བོད་ཀྱི་སྐད་ཡིག་སློབ་ཁྲིད་དང་རྒྱའི་སྐད་ཡིག་སློབ་ཁྲིད་གཉིས་མཉམ་གཅིག་ཏུ་ཤུགས་སྣོན་དང་། དེ་གཉིས་ལ་བཅོས་བསྒྱུར་མཐོར་འདེགས་བྱེད་དགོས་པ་དེ་རེད། དེའི་དམིགས་ཡུལ་ནི་མི་རིགས་གྲངས་ཉུང་གི་མཐར་བྱིན་སློབ་མ་ཚོ་རྒྱའི་སྐད་ཡིག་ལ་ཞན་པའི་རྐྱེན་གྱིས། སློབ་གྲྭ་འགྲིམ་པ་དང་ལས་ཐོབ་གོ་སྐབས་དཀོན་པ། ད་དུང་སྤྱི་ཚོགས་གྱི་འཕེལ་འགྱུར་དང་སྤྱི་ཚོགས་ནང་དུ་ཞུགས་པའི་ནུས་པ་ཞན་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཆེད་དུ་རེད། དེ་ལྟར་བསྒྲུབ་ན་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་སྤེལ་བྱེད་པའི་དུས་མཚུངས་སུ་མི་རིགས་གྲངས་ཉུང་གི་སྐད་ཡིག་འཕེལ་རྒྱས་འབྱུང་བར་ཁག་ཐེག་བྱས། དེ་མིན་ད་དུང་རང་ཞིང་གི་མི་རིགས་གྲངས་ཉུང་ས་ཁུལ་གྱི་སློབ་གསོའི་བྱ་བ་དང་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་བྱེད་པར་སྐུལ་འདེད་བྱས། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ནང་དུ། བོད་སྐད་ཡིག་གི་སློབ་ཁྲིད་མེད་པར་བཟོ་བ་ནི་སྔར་བྱུང་མ་མྱོང་བ་དང་། རྗེས་ཕྱོགས་འབྱུང་མི་དཔེ་བ། གཏན་དུ་དཔེ་མི་སྲིད་པའི་དོན་དག་ཅིག་རེད། སྔོན་ཆད་དང་ད་ལྟ། དུས་མ་འོངས་པ་ན་བོད་རིགས་གཙོ་བྱས་པའི་མི་རིགས་གྲངས་ཉུང་སོ་སོས་མི་རིགས་རང་གི་སྐད་ཡིག་བཀོལ་སྤྱོད་བྱེད་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་ངེས་ཡིན། ༢༠༡༠ལོའི་ཟླ༡༠བར། ཧྲུའུ་ཅི་ཆང་ཝེ་ཡིས་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་སྟེང་བསྟན་དོན། སྐད་གཉིས་སློབ་གསོ་ལ་ཤུགས་སྣོན་པ་དང་བཅོས་བསྒྱུར་བྱེད་པའི་རྩ་དོན་ནི། གཅིག་ནས་ཁ་ཕྱོགས་རྒྱུན་འཁྱོངས་དང་ཁྲིམས་ལྟར་གོ་རིམ་ལྡན་དགོས། དེ་ནི་རྩ་ཁྲིམས་དང་མི་རིགས་ས་ཁུངས་རང་སྐྱོང་བཅའ་ཁྲིམས། འོས་འགན་སློབ་གསོའི་བཅའ་ཁྲིམས། རྒྱལ་ཁབ་ཀྱིས་སྤྱི་སྤྱོད་སྐད་ཡིག་བཅའ་ཁྲིམས་བཅས་གཞིར་བཟུང་སྟེ། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་འཚམས་པ་དང་། མི་རིགས་རིག་གནས་སྤེལ་བའི་དགོས་མཁོ་ལྟར་གོ་རིམ་ལྡན་པ་དང་། ཤུགས་ཡོད་ཀྱིས་སྐུལ་འདེད་བྱེད་དགོས། གཉིས་ནི་ཆོས་ཉིད་བརྩི་སྲུང་དང་འདོད་བློ་ལ་གུས་བཀུར་བྱེད་དགོས། དེ་ནི་སློབ་གསོའི་སློབ་ཁྲིད་ཆོས་ཉིད་དང་སློབ་མས་སློབ་སྦྱོང་གི་མཚར་ལོངས་ཆོས་ཉིད་ལ་བརྩི་འཇོག་བྱས་ཏེ། སྤྱི་ཚོགས་ཀྱི་ཕྱོགས་སོ་སོ་དང་ལྷག་པར་ཏུ་སློབ་མ་དང་ཁྱིམ་བདག་གི་བསམ་འཆར་དང་གྲོས་གཞི་ལ་གང་ལེགས་སྒོས་ཉན་ནས། ཚན་རིག་དང་མཐུན་ཞིང་། ཆོས་ཉིད་དང་མཐུན་པ། མང་ཚོགས་ཀྱི་འདོད་བློ་དང་མཐུན་པའི་བྱེ་བྲག་གི་ལག་བསྟར་འཆར་ཟིན་ཞིབ་འཇུག་བྱས་ཏེ། འདོན་སྤྲོད་བྱ་དགོས། གསུམ་ནི་ཡུལ་བབས་དང་བསྟུན་ནས། བརྟན་འཇགས་ཀྱིས་སྐུལ་འདེད་བྱ་དགོས། དེ་ནི་མཐའ་གཅིག་ཏུ་ཐག་གཅོད་མི་བྱེད་པར་ས་གནས་སོ་སོའི་གནས་ཚུལ་དངོས་གཞིར་བཟུང་ནས། ཆ་རྐྱེན་འཛོམས་པའི་འགྲོས་དང་བསྟུན་དགོས། ཆ་རྐྱེན་མི་འཛོམས་པའི་ས་ཁུལ་དུ་གནས་ཚུལ་དངོས་ལ་བརྩི་བཀུར་བྱེད་པ་དང་ཆབས་གཅིག ཞིབ་འཇུག་གང་ལེགས་བྱས་ཏེ། གཏན་འཇགས་སྒོས་ལག་བསྟར་བྱ་དགོས། བཞི་ནི་སྣེ་ཁྲིད་གང་ལེགས་བྱས་ཏེ་ཆ་རྐྱེན་བསྐྲུན་དགོས། དེ་ནི་ཡུལ་བབས་དང་བསྟུན་ནས། དངོས་ཐོག་བདེན་འཚོལ་དང་། སློབ་གསོ་ལ་ཤུགས་བསྣོན་པ། ཆ་རྐྱེན་བསྐྲུན་པ། ཚན་རིག་དང་མཐུན་པར་བརྟན་འཇགས་ཀྱི་བྱེད་ཐབས་སྤྱད་དེ། སྐད་གཉིས་སློབ་གསོའི་བཅོས་བསྒྱུར་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་དགོས། རྒྱལ་ཁབ་གཅིག་དང་ས་ཁུལ་གཅིག མི་རིགས་གཅིག་ལ་མཚོན་ན་སྒོ་འབྱེད་བྱས་ཚེ་ད་གཟོད་འཕེལ་རྒྱས་འབྱུང་ལ། དང་ལེན་བྱས་ན་ད་གཟོད་ཡར་ཐོན་འབྱུང་བ་ལོ་རྒྱུས་ཀྱིས་སྔ་མོ་ནས་ར་སྤྲོད་བྱུང་། སྐད་གཉིས་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་བསྟུན་ནས་བོད་ཀྱི་སྐད་ཡིག་སྒོ་འབྱེད་ཁྲོད་སྔར་ལས་ལྷག་པར་འཕེལ་རྒྱས་འབྱུང་བར་གདོན་མི་ཟ།

གསུམ་པ། བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོབ་དང་ཁྱབ་སྤེལ་གང་ལེགས་བྱས། ཏང་དང་སྲིད་གཞུང་གིས་མི་རིགས་རིག་གནས་ཀྱི་སྲུང་སྐྱོབ་དང་རྒྱུད་འཛིན། དར་སྤེལ་ལ་མཐོང་ཆེན་བྱས། མི་ཤུགས་དང་དངོས་ཤུགས། ནོར་ཤུགས་འབོར་ཆེན་བཏང་ནས་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་དར་སྤེལ་བྱས། མི་རིགས་ས་ཁུལ་གྱི་རིག་རྫས་སྲུང་སྐྱོབ་ལ་མཐོང་ཆེན་བྱས་ཏེ། རིག་རྫས་སྲུང་སྐྱོབ་ཁྲིམས་སྲོལ་དང་སྲིད་ཇུས་གཏན་ཁེལ་བྱས་ཏེ། འཐུས་ཚང་དུ་བཏང་། རིག་རྫས་སྲུང་སྐྱོབ་དོ་དམ་སྡེ་ཁག་བཙུགས་པ་མ་ཟད། འཐུས་ཚང་དུ་བཏང་ནས། རིག་རྫས་སྲུང་སྐྱོབ་དཔུང་སྡེ་ཇེ་ཆེར་བཏང་། བོད་ཀྱི་རིག་རྫས་ཞིབ་འཇུག་དང་། སྲུང་སྐྱོབ་ནུས་ཤུགས་ཟམ་མ་ཆད་པར་གོང་མཐོར་བཏང་། གཟུགས་འདུས་རིག་གནས་ཤུལ་བཞག་དངོས་རྫས་སྲུང་སྐྱོབ་དང་རྒྱུད་འཛིན། འཕེལ་རྒྱས་བཅས་ལ་མཐོང་ཆེན་བྱས་ཏེ། རྨ་ལྷོ་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ་དེ་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ་དུ་གྱུར། བོད་ཀྱི་ཟློས་གར་དང་ཞབས་བྲོ། རོལ་དབྱངས། རོལ་རྩལ། དམངས་གླུ། གཏམ་དཔེ། གནའ་གཏམ་སོགས་རྩོམ་རིག་སྒྱུ་རྩལ་རྒྱུ་ཆ་འཚོལ་བསྡུ་དང་ལེགས་སྒྲིག་ཞིབ་འཇུག་བྱས། ཞིང་ཆེན་ཡོངས་སུ་བསྡོམས་པས་རྒྱལ་ཁབ་རིམ་པའི་གཟུགས་འདུས་ཤུལ་བཞག་རིག་གནས་ལས་གཞི ༦༤ ཡོད་ལ། དེ་ལས་༣༥ནི་བོད་ཀྱི་ལས་གཞི་རེད། ཞིང་ཆེན་རིམ་པའི་གཟུགས་འདུས་ཤུལ་བཞག་རིག་གནས་ཀྱི་ལས་གཞི་༨༦ཡོད་ལ། དེ་ལས་༣༤བོད་ཀྱི་ལས་གཞི་རེད། རྒྱལ་ཁབ་རིམ་པའི་གཟུགས་འདུས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རྒྱུད་འཛིན་པ་༤༠ཡོད་ལ། དེ་ལས་བོད་རིགས་རྒྱུད་འཛིན་པ་༢༢ཡོད། ཞིང་ཆེན་རིམ་པའི་གཟུགས་འདུས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རྒྱུད་འཛིན་པ་༡༥༩ཡོད་ལ། དེ་ལས་བོད་རིགས་རྒྱུད་འཛིན་པ༦༦ཡོད། བོད་ཀྱི་རིག་གནས་གསར་རྩོམ་ཐད་སྔ་ན་མེད་པའི་དར་རྒྱས་ཆེན་པོ་བྱུང་ཏེ། «རྗེ་ཙོང་ཁ་བའི་རྣམ་ཐར»དང«པཎ་ཆེན་སྐུ་ཕྲེང་བཅུ་བའི་ནང་ཆོས་གཅེས་བསྡུས།» «བོད་ཀྱི་གསོ་བ་རིག་པའི་གསུང་རབ་གཅེས་བསྡུས།» «གེ་སེར་སྒྲུང»སོགས་བོད་ཀྱི་དཔྱད་གཞིའི་བསྟན་བཅོས་སྐོར་ཞིག་རབས་དང་རིམ་པར་བྱུང་། «རི་དྭགས་གཙོད»དང«མདོ་དབུས་ལྕགས་ལམ་རིང་མོ།» «རེབ་གོང་གི་སྒེག་ཉམས།» «ལྷ་ཡུལ།» «ཡུས་ཧྲུའུ་ཡི་མེ་ཏོག་རྣམ་པར་བཞད།» «མཛེས་སྡུག་གི་གསེར་དངུལ་ཐང»ལ་སོགས་པའི་དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་རིག་རྩལ་བརྩམས་ཆོས་བསྟུད་མུར་འཁྲབ་སྟོན་བྱས། བོད་སྐད་རྒྱང་སྒྲོག་དང་བརྙན་འཕྲིན། གློག་བརྙན་བཅས་ཀྱི་བསྒྱུར་སྐྲུན་གསར་རྩོམ་ལ་ཉིན་རེ་བཞིན་གསོན་ཤུགས་རྒྱས་པས། རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ལས་རྒྱ་ཆེར་སྤེལ་ཏེ། ཐང་ཀ་དང་བོད་ལུགས་ས་གདན། གཙག་དྲུབས་ལ་སོགས་པའི་སྲོལ་རྒྱུན་ལག་རྩལ་དེ་དག་ལས་ཚོང་རའི་དཔལ་འབྱོར་ཁྲོད་གསོན་ཤུགས་གསར་བ་མངོན། བོད་ཀྱི་གསོ་བ་རིག་པའི་འཕེལ་རྒྱས་ཇེ་མགྱོགས་སུ་སོང་། ཞིང་ཆེན་ཡོངས་སུ་བསྡོམས་པས་བོད་སྨན་ཁང་༢༨ཡོད་ལ། བོད་སྨན་ལས་ཁུངས་ནས་བྱ་བ་གཉེར་མཁན་༢༤༡༦དང་བོད་སྨན་ཐོན་སྐྱེད་ཁེ་ལས་༢༡བཅས་ཡོད་། བོད་སྨན་གྱི་རིགས་༢༡༥ཐོན་སྐྱེད་བྱེད་བཞིན་པ་དང་། ལོ་རེའི་ཐོན་རིན་སྒོར་ཐེར་འབུམ་༢དང་དུང་ཕྱུར་༤ལ་ཉེ། གཞི་རིམ་མང་ཚོགས་ལ་ཁ་གཏད་པའི་རིག་གནས་སྒྲིག་གཞི་འཛུགས་སྐྲུན་རྒྱ་ཆེར་སྤེལ་ཏེ། དཔེ་མཛོད་ཁང་དང་རིག་རྫས་ཁང་། རིག་གནས་བྱ་འགུལ་ལྟེ་གནས། རོལ་རྩེད་བྱེད་ས། རིག་གནས་ས་ཚིགས་ལ་སོགས་པའི་རིག་གནས་ཞབས་ཞུ་རྫོང་དང་ཞང་དུ་ཁྱབ་ཏེ། ཅུང་ཆ་ཚང་བའི་སྤྱི་སྤྱོད་རིག་གནས་ཀྱི་སྒྲིག་ཆས་དྲ་བ་ཆགས། མཚོ་སྔོན་བོད་སྨན་བཤམས་སྟོན་ཁང་དང་མཚོ་སྔོན་བོད་ཀྱི་རིག་གནས་ཁང་སོགས་རྟགས་མཚན་རང་བཞིན་གྱི་རིག་གནས་བཟོ་སྐྲུན་གྱིས་བོད་ཀྱི་རིག་གནས་སྲུང་སྐྱོབ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱི་ལ་མངོན། ༢༠༡༡ལོར་ཞིང་ཆེན་ཡོངས་ཀྱི་བོད་ཁུལ་རིག་གནས་ལུས་རྩལ་ལས་དོན་ལ་མ་དངུལ་སྒོར་དུང་ཕྱུར་༣དང་བྱེ་བ་ལྔ་བཏང་།

བཞི་བ། བོད་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྔར་ཡོད་མ་མྱོང་བའི་དོ་ཁུར་དང་སྲུང་སྐྱོང་ཐོབ། ཏང་དང་སྲིད་གཞུང་གིས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མགོ་མཇུག་ཀུན་ཏུ་གཙིགས་སུ་བཟུང་སྟེ། སྲུང་སྐྱོབ་ཁྲོད་གསར་སྤེལ་དང་གསར་སྤེལ་ཁྲོད་སྲུང་སྐྱོབ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་། སྔ་གཞུག་ཏུ་མ་དངུལ་འབོར་ཆེན་བཏང་ནས་སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོབ་ལས་གཞི་རབས་དང་རིམ་པ་ལག་བསྟར་བྱས། ༢༠༠༥ལོར། རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་བཟོ་སྐྲུན་དང་པོ་ལག་བསྟར་བྱེད་མགོ་བརྩམས་ལ་བསྡོམས་པས་མ་དངུལ་སྒོར་ཐེར་འབུམ་༧དང་དུང་ཕྱུར་༥ཡིན་ལ། མིག་སྔར་སྒོར་ཐེར་འབུམ་ལྔ་བཏང་། ༢༠༠༨ལོར། མཚོ་སྔོན་པོའི་མཐའ་སྐོར་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤྱི་ཁྱབ་བདག་སྐྱོང་གི་བཟོ་སྐྲུན་ལག་བསྟར་བྱེད་མགོ་བརྩམས། སྤྱིའི་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་ལྔ་ཡིན་ལ་མིག་སྔར་སྒོར་དུང་ཕྱུར་ལྔ་བཏང་། དུས་མཚུངས་སུ། རྨོ་བསྐྱུར་ནགས་བསྐྲུན་དང་ཕྱུགས་བསྐྱུར་རྩ་འདེབས། ས་ཆུ་སྲུང་འཛིན། རང་བྱུང་ནགས་ཀྱི་སྲུང་སྐྱོབ། བྱང་གསུམ་ནགས་སྲུང་ལ་སོགས་པའི་སྐྱེ་ཁམས་བཟོ་སྐྲུན་ལ་ཡང་ཤུགས་ཆེན་པོས་སྐུལ་འདེད་བྱས། ༢༠༡༠ལོར་རྒྱལ་ཁབ་ཀྱིས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་གི་ཁ་གསབ་བྱ་དགའི་ལམ་ལུགས་བཙུགས། འདི་ཁོ་ནས་ཀྱང་བོད་ཁུལ་གྱི་འབྲོག་མི་རེར་ཆ་སྙོམས་ཀྱིས་སྒོར་སྟོང་གསུམ་ཡས་མས་ཀྱི་ཡོང་སྒོ་ཇེ་མང་དུ་བཏང་། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ད་དུང་རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་ཀྱི་རྒྱལ་ཁབ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྤྱི་ཁྱབ་ཚོད་ལྟ་ས་ཁུལ་འཛུགས་རྒྱུའི་ཐག་བཅད་དེ། ༢༠༢༠ལོའི་བར་རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་ཀྱི་སྐྱེ་དངོས་ཁྱབ་ཚད་བརྒྱ་ཆའི་ཚེགས ༢༥ནས་༣༠ཙམ་དུ་འཕར་བར་བྱས་ཏེ། སྐྱེ་ཁམས་མ་ལག་དེ་ཁོར་རྒྱུག་ལེགས་ཕྱོགས་སུ་འདྲེན་རྒྱུའི་འཆར་གཞི་བཀོད། ད་ལྟ། མཚོ་སྔོན་པོའི་རྒྱ་ཁྱོན་ལོ་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་ལ། རྨ་ཆུའི་མགོ་ཁུངས་སུ་ཡང་མཚེའུ་སྟོང་གི་མཛེས་ལྗོངས་མངོན་མགོ་བརྩམས། ཞིང་ཆེན་ཡོངས་ཀྱི་བོད་ཁུལ་གྱི་ནགས་ཚལ་ཁྱབ་རྒྱ་རིམ་གྱིས་ཇེ་ཆེར་སོང་། སྐྱེ་ཁམས་ཁོར་ཡུག་སྤྱི་ཕྱོགས་ནས་ཐབས་རྡུགས་སུ་འགྲོ་བའི་རྣམ་པར་ཐོག་མའི་ཚོད་འཛིན་བྱས། མི་རྣམས་ཀྱིས་སྔོན་ཆད་རང་འགུལ་མ་ཡིན་པའི་སྒོ་ནས་རང་བྱུང་ལ་བསྟུན་ཐབས་དང་རང་བྱུང་ནས་དངོས་རྫས་ལེན་པ་དེ་དང་བསྡུར་ན་། ད་ལྟ་ང་ཚོས་བོད་ཁུལ་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཆོས་ཉིད་ལ་བཅངས་བའི་ངོས་ཟིན་དེ་ཇེ་ཟབ་ནས་ཇེ་ཟབ་རེད་ཅེས་བཤད་ཆོག སྲུང་སྐྱོང་དང་འཛུགས་སྐྲུན་གྱི་ཤུགས་ཇེ་ཆེར་སོང་བ་དང་བསྟུན། སྐྱེ་ཁམས་ཞིག་གསོ་དང་ནུས་པའི་འགན་སྲུང་གི་གྲུབ་འབྲས་ཀྱང་རིམ་བཞིན་མངོན་གསལ་དུ་གྱུར། འདི་ཚང་མ་རྩོད་ཐབས་མེད་པའི་དོན་དངོས་རེད། ༢༠༠༦ལོར་འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས་བདེ་འཇགས་ངང་བཀོལ་སྤྱོད་བྱས་པའི་མདོ་དབུས་ལྕགས་ལམ་ནི་བོད་ཁུལ་ནས་གསར་སྤེལ་འཛུགས་སྐྲུན་དང་སྐྱེ་ཁམས་སྲུང་སྐྱོབ་གཉིས་ཀའི་རྒྱལ་ཁ་བླངས་བའི་དན་རྟགས་རེད། རྒྱལ་ཁབ་ཀྱིས་མུ་མཐུད་ནས་མ་དངུལ་གཏོང་ཚད་ཇེ་ཆེར་བཏང་བ་དང་། རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཕྱོགས་བསྡུས་ཚོད་ལྟ་ས་ཁུལ་བཙུགས་པ་དང་བསྟུན། མཚོ་སྔོན་བོད་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཅིས་ཀྱང་ཇེ་བཟང་ནས་ཇེ་བཟང་དུ་འགྱུར་རྒྱུ་ཡིན་པ་ནི་མི་འགྱངས་བའི་རྗེས་ཀྱི་དོན་དངོས་ཤིག་རེད།

ལྔ་བ། བོད་རིགས་མང་ཚོགས་ཀྱི་ཆོས་ལུགས་དད་མོས་ལ་བརྩི་འཇོག་གང་ལེགས་ཐོབ། ཏང་གི་ཆོས་ལུགས་སྲིད་ཇུས་དེ་མཚོ་སྔོན་ནས་ཡོངས་སུ་ལག་བསྟར་བྱས་ཏེ། མང་ཚོགས་ཀྱི་ཆོས་ལུགས་དད་མོས་དང་རྒྱུན་ལྡན་གྱི་ཆོས་ལུགས་བྱ་འགུལ་ལ་སྲུང་སྐྱོབ་བྱས། མིག་སྔར། མཚོ་སྔོན་བོད་ཁུལ་ན་དགོན་པ་༦༠༠ལྷག་དང་རབ་བྱུང་བ་ཁྲི་༤ ལྷག་ཡོད། འདིས་མང་ཚོགས་ཀྱི་ཆོས་དད་དགོས་མཁོ་ཡོངས་སུ་བསྐངས། དགོན་པ་ནས་ཆོས་སྦྱང་བ་དང་ཆོས་རྩོད་བྱེད་པ། ཆོས་གསུངས་བ། སྡོམ་པ་ལེན་པ། དབང་བསྐུར་བ། མཇལ་ཁ་སྟེར་བ་། སྒོམ་རྒྱག་པ་སོགས་དང་སློབ་སྦྱོང་གི་ཐོབ་ཐང་ལེན་པ་སོགས་བར་ཆད་ཅི་ཡང་མེད་པར་སྤེལ་བཞིན་ཡོད་པ་དང་། ཆོས་དད་མང་ཚོགས་ཀྱིས་ཀྱང་མ་ཎི་བསྐོར་བ་དང་ཆོས་འདོན་པ་། སྦྱིན་པ་གཏོང་བ་སོགས་ཀྱི་ཆོས་ལུགས་བྱ་འགུལ་རང་དབང་གིས་སྤེལ། སྤྲུལ་སྐུ་འཚོལ་བའི་བོད་རྒྱུད་ནང་བསྟན་ཆོས་ལུགས་ཀྱི་དམིགས་བསལ་བྱེད་སྟངས་འདིར་ཡང་རྒྱལ་ཁབ་ཀྱིས་བརྩི་འཇོག་བྱས། རྒྱལ་ཁབ་ཆོས་ལུགས་ཅུ་ཡིས«བོད་རྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྤྲུལ་སྐུ་དོ་དམ་བྱེད་ཐབ།»བཏོན། ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས་ཀྱིས་ད་དུང་བྱེ་བྲག་གི་བྱེད་ཐབས་ཆེད་དུ་གཏན་ཁེལ་བྱས། མང་ཚོགས་ཀྱི་ཆོས་དད་དགོས་མཁོ་སྔར་ལས་ལྷག་པའི་སྒོ་ནས་བསྐང་ཆེད། ཏང་དང་སྲིད་གཞུང་གིས་ད་དུང་དགོན་པ་ནི་དམིགས་བསལ་གྱི་གཞི་རིམ་ལས་ཁུངས་ཤིག་ཏུ་བཟུང་ནས་སྤྱི་ཚོགས་དོ་དམ་ཁྱབ་ཁོངས་སུ་བཞག་སྟེ། ཆུ་དང་གློག ལམ། བརྡ་འཕྲིན་ལ་སོགས་པའི་སྤྱི་སྤྱོད་འགན་སྲུང་མ་ལག་དགོན་པར་རྒྱ་བསྐྱེད་ནས་རྒན་གསོ་དང་སྨན་བཅོས་། མ་མཐའི་འཚོ་བའི་འགན་སྲུང་སོགས་རབ་བྱུང་བའི་སྟེང་ཁྱབ་ཏུ་བཅུག ཡུས་ཧྲུའུ་ས་འགུལ་གྱི་བསྐྱར་འཛུགས་ཁྲོད། རྒྱལ་ཁབ་ཀྱིས་སྒོར་ཐེར་འབུམ་གཅིག་གནོད་འཚེ་ཐེབས་པའི་བོད་རྒྱུད་ནང་བསྟན་དགོན་པ༨༧གྱི་བསྐྱར་འཛུགས་སུ་བཀོལ། མ་དངུལ་སྒོར་དུང་ཕྱུར་ལྔ་བཏང་ནས་ཆེད་དུ་བོད་རྒྱུད་ནང་བསྟན་དགོན་པའི་རིག་གནས་ཤུལ་བཞག་རྒྱུ་རྫས་ལ་སྲུང་སྐྱོབ་བྱས། གོང་དུ་བཤད་པའི་དོན་དངོས་དེ་དག་མི་ལ་ལས་མི་མཐོང་བར་མ་ཟད། དྲིན་ཆེན་གྱི་དྲིན་དྲན་པ་ཕར་ཞོག ད་དུང་ཐབས་བརྒྱ་ཇུས་སྟོང་སྒོས་བོད་ཁུལ་གྱི་མང་ཚོགས་ལ་ཕན་བཏགས་པའི་སྲིད་ཇུས་ནག་བཟོ་བྱས་པ་དང་། དེ་ལས་ཀྱང་ཐུ་བ་ཞིག་ནི། གཞན་ལ་བཤད་ཐབས་མེད་པའི་ཆབ་སྲིད་དམིགས་ཡུལ་འགྲུབ་པའི་ཆེད་དུ། བོད་རང་བཙན་དང་ཏ་ལའི་ཕྱིར་རྒྱལ་ཁབ་ཏུ་ལོག་ཏུ་འཇུག་དགོས་སོགས་ཀྱི་ཁ་གཡང་བཏོན་པས། དོན་དངོས་མི་རྟོགས་པའི་སྐྱ་སེར་གྲངས་ཉུང་ལ་ངན་སྐུལ་བྱས་ཏེ་དོན་དག་བཟོ་བ་དང་། མི་ཁ་ཤས་ལ་སྐུལ་སློང་བྱས་ནས་རང་ལུས་མེ་ལ་བསྲེགས་ཏེ། ཁ་བྲལ་གྱི་སྟོབས་ཤུགས་ཀྱི་གླུད་ཆས་སུ་གྱུར་པ་རེད། དེ་ནི་ངོ་མ་ལོགས་པར་སྨྲ་ཞིང་ཡ་ང་ལ། ཀུན་ལ་ཞེ་སྡང་སློང་བའི་ནག་ཉེས་ཚབས་ཆེན་རེད། 

ཀུན་གྱིས་ཤེས་གསལ་ལྟར། བོད་ལྗོངས་ནི་གནའ་ནས་བཟུང་། ཀྲུང་གོའི་ཆ་ཤས་ཤིག་ཡིན། ཀྲུང་དབྱང་སྲིད་གཞུང་གིས་ཡོན་རྒྱལ་རབས་ནས་བཟུང་བོད་ལྗོངས་ལ་དངོས་སུ་དོ་དམ་གྱི་དབང་ཆ་སྤྱད་པ་རེད། དེ་བས“བོད་ལྗོངས་གནད་དོན”ཟེར་བ་ཞིག་རྩ་བ་ཉིད་ནས་མེད། རྒྱལ་ཁབ་གཅིག་གྱུར་དང་ས་ཁོངས་སྲུང་སྐྱོང་ནི། བདག་དབང་རྒྱལ་ཁབ་རེ་རེའི་མཆོག་ཏུ་གྱུར་པའི་ཁེ་དབང་ཡིན་ལ། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྩ་བའི་ཚད་གཞི་ཡང་ཡིན། ཏ་ལའི་ཚོགས་པས“བོད་ལྗོངས་གནད་དོན”ཟེར་ནས་ཇི་ལྟར་འུར་སྒྲོག་བྱས་ཀྱང་། རྣམ་པ་གང་གི “བོད་རང་བཙན”ལའང་རང་རྒྱལ་སྲིད་གཞུང་དང་རྒྱ་ཆེའི་བོད་རིགས་སྤུན་ཟླ་འདུས་པའི་རྒྱལ་ཡོངས་མི་དམངས་ཀྱིས་ངོ་རྒོལ་བློ་ཐག་ཆོད་པ་བྱེད་ངེས་ཡིན་ལ། རྒྱལ་ཁབ་གང་ཞིག་གིས་ཀྱང་“བོད་རང་བཙན”ཁས་ལེན་ཀྱིན་མེད། སྔོན་ཆད། དབུལ་གཉོམ་གཉིས་འཛོམས་ཀྱི་ཀྲུང་གོ་རྙིང་པར་བཙན་རྒྱལ་རིང་ལུགས་ཀྱིས་བོད་ལྗོངས་ཀྲུང་གོ་ནས་ཁ་བྲལ་དུ་གཏོང་བའི་ངན་ཇུས་དེ་འགྲུབ་མ་ཐུབ་ལ། ད་ལྟ། ཉིན་རེ་ལས་ཉེན་རེར་འབྱོར་ཕྱུག་ཅན་དུ་འགྱུར་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་གསར་པས “བོད་རང་བཙན” དུ་གཏན་ནས་གཏོང་མི་སྲིད། བོད་ལྗོངས་མེས་རྒྱལ་ནས་ཁ་བྲལ་དུ་གཏོང་རྩིས་ཡོད་པའི་མི་དེ་ཚོ། “དཔའ་བོ་དཔའ་རྒོད”ཞིག་གཏན་ནས་མ་ཡིན་པར་དེ་ཚོ་ནི་མི་རིགས་ཀྱི་ཉེས་ཅན་ཁོ་ན་རེད།

ཏ་ལའི་བླ་མ་ནི་བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ལམ་ལུགས་ཀྱི་ཆོས་ལུགས་ཀྱི་ཐོབ་ཐང་ཞིག་ཡིན། ཏ་ལའི་བླ་མ་སྐུ་ཕྲེང་གཅིག་ཀྱང་མ་ལུས་པར་ཚང་མ་ཀྲུང་དབྱང་སྲིད་གཞུང་གིས་ངོས་འཛིན་དང་གོ་ཐོབ་གནང་ཡོད། འོན་ཀྱང་ཏ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་སྔ་མོ་ནས་ཆོས་ལུགས་མི་སྣ་རྐྱང་བ་ཞིག་མིན་པར། མེས་རྒྱལ་ཁ་བྲལ་གཏོང་བའི་ཆབ་སྲིད་འཁྱམ་པོ་ཞིག་དང་ནུབ་ཕྱོགས་ཀྱིས་ཀྲུང་གོར་ངོ་རྒོལ་བྱེད་པའི་ཆབ་སྲིད་ཀྱི་ལག་ཆ་ཞིག་ཡིན། ཁོ་༡༩༥༩་ལོར་མེས་རྒྱལ་ལ་ངོ་ལོག་ནས་བྲོས་རྗེས་དུས་རབས་ཕྱེད་ཀའི་ནང་། “མི་རིགས” དང་ “ཆོས་ལུགས།” “འགྲོ་བ་མིའི་ཐོབ་ཐང་” སོགས་ལ་ཁ་གཡར་ནས། ནུབ་ཕྱོགས་ཀྱི་ཀྲུང་གོར་ངོ་རྒོལ་བྱེད་པའི་ལག་རྡོ་བྱས་ཏེ། མེས་རྒྱལ་ཁ་བྲལ་གྱི་བྱ་འགུལ་སྤེལ་བར་ཧུར་ཐག་བྱས། ཁོས་ཇི་ལྟར་བཤད་ཀྱང་། “ཆོས་ལུགས་ཀྱི་སྟེགས་བུ་བེད་སྤྱད་དེ། ཆབ་སྲིད་ཀྱིས་གར་འཁྲབ་ལེན་པའི”གཡོ་སྒྱུ་འགེབ་མི་ཐུབ་ལ། མེས་རྒྱལ་ཁ་བྲལ་གཏོང་བའི་ངོ་ལོག་ངོ་བོ་འགེབ་མི་ཐུབ། ཀྲུང་དབྱང་གིས་ཏ་ལའི་སྐུ་ཕྲེང་བཅུ་བཞི་བའི་སྲིད་ཇུས་ནི་མངོན་གསལ་དང་མངོན་སུམ། མཐའ་འཁྱོངས་པ་ཡིན་ཏེ། དེ་ནི་མེས་རྒྱལ་ཁ་བྲལ་གྱི་འདོད་ཚུལ་ཡོད་ཚད་འདོར་བ་དང་། མེས་རྒྱལ་ཁ་བྲལ་གྱི་བྱ་འགུལ་ཡོད་ཚད་འདོར་རྒྱུ་དེ་ཡིན། ཏ་ལའི་སྐུ་ཕྲེང་བཅུ་བཞི་བ་ཚེ་མཇུག་ལ་མེས་རྒྱལ་དུ་ལོག་ཐུབ་མིན་དེ། ཁོ་རང་ཉིད་ཀྱིས་“བོད་རང་བཙན”གྱི་འདོད་ཚུལ་དང་བྱ་འགུལ་རྩ་བ་ནས་འདོར་མིན་ལ་རག་ལས། བོད་ཀྱི་ཁ་དཔེ་ལ། “ཁ་བཤད་ཆུ་ཡི་ཝུ་བ། ལག་ལེན་གསེར་གྱི་ཐིགས་པ།”ཟེར་བ་ཇི་བཞིན་ཏ་ལའི་སྐུ་ཕྲེང་བཅུ་བཞི་བས་ཁ་བཤད་ཚིག་དང་སྤྱོད་པ་གཅིག་གྱུར་དང་། “བོད་རང་བཙན”གྱི་ཧམ་སེམས་རྩ་བ་ནས་དོར་ཏེ། མེས་རྒྱལ་གཅིག་གྱུར་ལ་བཅངས་པའི་ལྷག་སེམས་རྣལ་མ་དང་བྱ་སྤྱོད་དངོས་སྟོན་རྒྱུ་ནི། “བོད་རིགས་མི་དམངས་ཀྱི་ཁེ་ཕན་བསམ་པ་རེད།” དེ་ལས་ལྡོག་ཚེ། ཐང་གི་རྡོ་བླངས་ནས་རང་གི་རྐང་པར་བརྒྱབ་པའི་ལུགས་ཡིན་ལ། ཕྱིར་རང་གི་རྒྱལ་ཁབ་ཏུ་ལོག་པའི་རེ་བ་དེའང་སྟོང་ཟད་དུ་འགྲོ་ངེས།   

འཆལ་གཏམ་ཤེས་རབ་ཀྱིས་གཅོད་ཅིང་དོན་དངོས་ཁ་རྩོད་ལས་རྒྱལ་བའི་དཔེ་ལྟར། ད་ལྟ། བོད་ཁུལ་གྱི་སེར་སྐྱ་མང་ཚོགས་བློ་ཁ་བདེ་ལ་བབས་ཀྱང་མི་སེམས་སྐྱིད་ལ་ཕྱོགས། ཉེ་ཆར་བརྟན་འཇགས་མིན་པའི་དོན་རྐྱེན་ལ་ཞུགས་མཁན་ནི་མི་ཤིན་ཏུ་ཉུང་ཉུང་ཞིག་ཡིན། ཁོ་ཚོའི་བྱ་སྤྱོད་ནི་མི་སེམས་དང་མི་མཐུན་པ་ཞིག་ཡིན་ཕྱིན། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒོལ་གཏམ་གཏོང་བཞིན་ཡོད། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་ཐོག་མཐའ་ཀུན་ཏུ་“མཐུན་སྒྲིལ་ནི་བདེ་སྐྱིད་དང་། ཁ་བྲལ་ནི་སྡུག་བསྔལ། བརྟན་འཇགས་ནི་བདེ་སྐྱིད་དང་། ཟིང་ཆ་ནི་སྡུག་བསྔལ”ཡིན་པའི་གནས་ལུགས་ངེས་ཟིན་ཟབ་མོ་བླངས་ཏེ། ཆ་ཕྱོགས་ལ་བསམ་གཞིགས་བྱེད་པ་དང་མཐུན་སྒྲིལ་ལ་བསམ་གཞིགས་བྱེད་པ། བརྟན་འཇགས་སྲུང་སྐྱོང་བསམ་གཞིགས་བྱེད་པ་བཅས་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་བོད་ཁུལ་གྱི་ཐོད་བརྒལ་འཕེལ་རྒྱས་དང་ཡུན་རིང་བརྟན་འཇགས་ལ་སྐུལ་འདེད་བཏང་སྟེ། ཏང་གི་འགོ་ཁྲིད་འོག་ཏུ་སྔར་ལས་བདེ་ཞིང་སྐྱིད་པའི་མཛེས་སྡུག་གི་འཚོ་བ་གསར་བ་རྒྱུན་ཆད་མེད་པར་གསར་སྐྲུན་བྱ་དགོས།
འབྲེལ་ཡོད་རྩོམ་ཡིག
ཁྱེད་ཀྱིས་རྩོམ་ཡིག་འདི་མཐོང་བའི་མྱོང་ཚོར་ནི།

མིཡིས་དྲན་ཚུལ་བཏོན་ཡོད།

མིནང་དུ་ཞུགས་ཡོད་པ།དཔྱད་གླེང་ཚང་མར་ལྟ་བ།